༢༠༡༧ ཟླ་ ༡ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་ Bihar མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་ Shri Nitish Kumar མཆོག་ལ་དུས་དབང་ཐེངས་ ༣༤ གོ་སྒྲིག་ཚགས་ཚུད་སླད་མངའ་སྡེའི་གཞུང་དང་ལྷག་པར་ས་གནས་རྫོང་དཔོན་སོགས་ཀྱི་གཙོས་འབྲེལ་ཡོད་རྣམས་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་སྩལ་གནང་མཛད་པའི་ནང་འཁོད་དོན།
བདུན་ཕྲག་གཉིས་རིང་གི་དུས་དབང་སྐབས་སྐུ་ཉིད་མཆོག་སྐུ་སྒེར་གྱི་ངོས་ནས་ཐུགས་ཁུར་ཧ་ཅང་གནང་བ་དང་། དེ་བཞིན་སྐུ་ཉིད་མཆོག་གི་སྲིད་གཞུང་ངོས་ནས་ས་གནས་ཀྱི་དགོས་མཁོར་གཞིགས་པའི་མཐུན་འགྱུར་རོགས་རམ་ཧ་ཅང་ཚགས་ཚུད་གནང་བར་ངོས་ཀྱིས་ཡི་གེ་འདི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་གནས་སྐོར་བ་ཚོས་ཀྱང་སྐུ་ཉིད་མཆོག་གི་གྲ་སྒྲིག་དང་མཐུན་འགྱུར་བཅས་ལ་ཡི་རངས་བསྔགས་བརྗོད་ཧ་ཅང་ཞུ་བཞིན་འདུག ནང་པ་ཚོས་གནས་རྩ་ཆེ་ཤོས་སུ་རྩི་བཞིན་པའི་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གོ་སྒྲིག་ལམ་ལྷོངས་ལྡན་པ་བྱུང་ཡོད།
སྐུ་ཉིད་མཆོག་གི་སྲིད་གཞུང་གི་ལྷན་ཁང་འདྲ་མིན་གྱི་ལས་བྱེད་རྣམ་པས་ཐེངས་འདིར་དུས་འཁོར་དབང་ཆེན་གོ་སྒྲིག་ཚགས་ཚུད་དང་ལམ་ལྷོངས་ལྡན་པ་ཞིག་ཡོང་སླད་ཆེད་མངགས་དུས་ཚོད་གང་ཙམ་བཏང་ནས་འབད་བརྩོན་རྒྱ་ཆེ་གནང་ཡོད། ངོས་ཀྱིས་ཤེས་ཚོད་ལ་ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་རྒྱལ་ཁབ་ ༩༢ ནས་ཆོས་ཞུ་བ་མི་གྲངས་ ༡༧༥༠༠༠ ཙམ་ཕེབས་འདུག
ལྷག་པར་འདས་པའི་ལོ་ཤས་ནང་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་གཡས་གཡོན་དུ་སྤྱི་ཡོངས་ཀྱི་གནས་སྟངས་ཧ་ཅང་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་པོ་འདུག དགའ་སྤོབས་ཧ་ཅང་བྱུང་། ཞེས་འཁོད་འདུག དེ་ཡང་༸གོང་ས་མཆོག་གི་སྩལ་བའི་གསུང་འཕྲིན་དེ་སྤྱི་ཁྱབ་བློན་ཆེན་མཆོག་གི་ངོ་དེབ་ཐོག་བཞག་པ་མ་ཟད། གསུང་འཕྲིན་དེ་འདྲ་ཞིག་ཁོང་ལ་སྩལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ། ཞེས་པའི་མཆན་ཞིག་བཀོད་གནང་འདུག །