ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་སོག་ཡུལ་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཡན་ལག་པ་ཐཱ་ཚ་གཱང་ལྷ་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་རབ་གནས་བཀའ་དྲིན་སྩལ།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་དབང་ཆོས་ར་ནས་ཆིབས་འགྲོ་བརྒྱུད་སོག་པོའི་དགོན་པ་ཐཱ་ཚ་གཱང་ལྷ་ཁང་དུ་༸ཞབས་སོར་འཁོད་སྐབས། ཕེབས་ལམ་གཡས་གཡོན་དུ་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་གསེར་༸ཞལ་མཇལ་ཁ་ཞུས་ཡོད། དེ་ནས་སོག་པོ་དགའ་ལྡན་དགོན་པའི་མཁན་པོ་བླ་མ་ཆོས་རྒྱ་མཚོ་མཆོག་གིས་དབུས་བླ་སྤྲུལ་རྣམ་པས་དུང་རྒྱ་སྤོས་སྣེས་མདུན་བསུས་ཏེ་༸གོང་ས་མཆོག་དགོན་པའི་ནང་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་གྲུབ་མཚམས། དར་ཚོན་སྣ་ལྔ་གཅོད་བྲེགས་དང་སྦྲགས་དགོན་པ་གསར་པ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་རྗེས་རྟེན་འབྲེལ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་དགའ་ལྡན་དགོན་པའི་མཁན་པོས་གསུང་བཤད་གནང་གྲུབ་བསྟུན། སོག་པོའི་མཁན་བླ་སྤྲུལ་དང་དགེ་འདུན་འདུས་མང་ཡོངས་ཀྱིས་སོག་སྐད་ཐོག་ཞལ་འདོན་གསུང་འདོན་གནང་།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་དང་ལོ་སྟོང་ཕྲག་ཁ་ཤས་རིང་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཆེན་པོ་ཧོར་གྱི་ཆོས་གྲོགས་རྣམ་པ་དང་། མཁན་པོ་བླ་མ། སོག་པོའི་ནང་པའི་ལྷ་ཁང་སྒོ་འབྱེད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ། ངོས་རང་སོག་ཡུལ་དུ་ཚར་ཁ་ཤས་སླེབས་པ་རེད། ངོས་ཀྱིས་ཉམས་ཞིབ་བྱེད་སྐབས་ནང་པའི་ཆོས་བོད་དང་སོག་ཡུལ་ལ་མ་དར་གོང་བོད་ཀྱི་བྱང་ཐང་ས་མཚམས་སྦྲེལ་བ་ལྟ་བུ་རེད། སྔར་ས་མཚམས་ལ་བརྩིས་ཀྱི་མེད་སྟབས་ང་ཚོ་ཚང་མ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་རེད།
ཕལ་ཆེར་ཁྱེད་རང་ཚོ་སོག་པོའི་གོམས་གཤིས་དང་རིག་གཞུང་ནང་བོད་པའི་ཤུགས་རྐྱེན་ཡོད་པ་དང་། བོད་པར་ཆ་བཞག་ན་ཁང་པའི་ཐོག་ཏུ་ཐུག་འཛུགས་རྒྱུའི་ཐུག ཅེས་པ་དེ་ཡང་སོག་སྐད་རེད་འདུག ང་ཚོས་གུར་ཞེས་པ་དེ་ཡང་ཕལ་ཆེར་སོག་སྐད་ནས་ཆགས་པ་ལྟ་བུ་ཞིག་རེད་འདུག ད་ལྟ་མཁན་པོའི་གསུང་བཤད་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་བྱང་ནས་བྱང་དུ་དར་རོ་ཞེས་གསུང་རྒྱུན་ཡོད། རྒྱ་གར་གྱི་བྱང་བོད་དང་། བོད་ཀྱི་བྱང་ཆེན་པོ་ཧོར་གྱི་ཡུལ་ཁག་དེ་དག་ཆགས་ཡོད།
སངས་རྒྱས་པའི་ཆོས་དར་རྗེས་ཚོང་སོགས་ཀྱི་འབྲེལ་བ་མིན་པར་ཆོས་ཕྱོགས་ཀྱི་ཐོག་ནས་དད་པ་དམ་ཚིག་གི་འབྲེལ་བ་དེ་དམིགས་བསལ་ཞིག་ཆགས་ཡོད། ༸རྒྱལ་དབང་ཐོག་ནས་བཤད་ན་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཏེ་ཏཱ་ལའི་བླ་མ་ཞེས་མིང་ཐོགས་ཏེ་ཐུན་མིན་གྱི་འབྲེལ་བ་ཞིག་ཡོད། སྐུ་མདུན་སྐུ་གོང་མ་ཡང་བོད་ལ་རྐྱེན་ངན་བྱུང་ནས་སོག་ཡུལ་དུ་ཕེབས་ཏེ་དུས་ཚོད་གང་ཙམ་བཞུགས་དགོས་ཐུག་ཡོད། དེར་བརྟེན་བོད་སོག་དབར་དམིགས་བསལ་གྱི་འབྲེལ་བ་ཡོད། ཧོར་གྱི་ཡུལ་ཁག་ནས་བོད་ནང་སློབ་གཉེར་བརྒྱབ་ཏུ་ཕེབས་ནས་མཁས་པའི་དབང་པོ་མང་པོ་བྱུང་ཡོད།
ངོས་རང་ཆུང་དུས་འབྲས་སྤུངས་སྒོ་མང་དང་སེ་ར་བྱེས་སོག་པོའི་གྲྭ་རྒྱུན་དགེ་བཤེས་རྩེ་ཕུད་ཧ་ལས་པའི་དཔེ་ཆ་ཡག་པོ་དེ་འདྲ་ཡོད། ཧ་ལས་པའི་དཔེ་ཆ་ཡག་པོ་རེད། སྔར་དེའི་གོང་ནས་སོག་པོའི་མཁས་པ་དཔེར་ན་དཔལ་ལྡན་ཆོས་རྗེ་ལྟ་བུ་ལེགས་བཤད་བརྩམས་ནས་ང་ཚོ་ཚང་མས་སློབ་སྦྱོང་བྱ་རྒྱུའི་སློབ་དེབ་ཆགས་ཡོད། དེ་ལྟ་བུའི་མཁས་པ་ཧ་ཅང་མང་པོ་ཐོན་འདུག
བར་སྐབས་མཁན་པོ་བླ་མས་གསུང་བ་བཞིན། བསྟན་པ་ཉམས་ཆག་ཧ་ཅང་ཕྱིན་པ་རེད། སོག་པོར་རང་དབང་ཐོབ་ནས་བསྟན་པ་སླར་གསོ་བྱེད་རྒྱུའི་གོ་སྐབས་བྱུང་ནས་ཁྱེད་རང་ཚོར་དད་པ་རྩེ་གཅིག་ཡོད། གནས་རྡོ་རྗེ་གདན་འདི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་མངོན་པར་རྗོགས་པ་སངས་རྒྱས་པའི་གནས་ཤིག་ཆགས་ཡོད་པ་མ་ཟད། སྔོན་གྱི་རྒྱ་གར་གྱི་མཁས་པ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་། ངོས་ཀྱིས་དུས་རྒྱུན་པཎ་གྲུབ་བཅུ་བདུན་ཞེས་པ་ཚང་མས་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་ཡོད། དེ་བཞིན་གྲུབ་ཆེན་ས་ར་ཧ་ལ་སོགས་པ་གྲུབ་ཆེན་བརྒྱད་ཅུ་དེ་དག་གིས་གནས་འདིར་བྱིན་གྱིས་རླབས་ཏེ། ང་ཚོའི་འཛམ་གླིང་འདིའི་སྟེང་ནང་པའི་གནས་རྩ་ཆེ་ཤོས་ནི་རྡོ་རྗེ་གདན་འདི་ཆགས་ཡོད། གནས་འདིར་ཐེ་ལེན་ཌི་དང་ཝེ་ཐི་ནམ། རྒྱ་མི་བཅས་ནང་པའི་ཡུལ་གྲུ་ཁག་གཅིག་གི་དགོན་པ་ཡོད།
དེར་བརྟེན་དེ་རིང་འདིར་ཁྱེད་རང་ཚོའི་དགོན་པ་སྒོ་འབྱེད་རྒྱུ་བྱུང་བ་ནི་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད་པ་མ་ཟད་ཧ་ཅང་ཡག་པོ་རེད། ངོས་རང་སོག་ཡུལ་དུ་ཚར་ཁ་ཤས་སླེབས་ཡོད། ངོས་ཀྱིས་བཤད་མ་ཐག་པ་ལྟར་སྔོན་གྱི་མཁས་དབང་མང་པོ་བྱུང་སའི་ཡུལ་གྲུ་ཆགས་ཡོད་སྟབས། ཁྱེད་རང་ཚོར་རང་དབང་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་བསྐྱར་གསོ་བྱེད་དུས་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་ཡོད་པ་ཙམ་གྱི་ནང་ཆོས་བསྐྱར་གསོ་བྱས་པར་གོ་མི་ཐུབ། སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་ཀྱི་བསྟན་པ་གཉིས་རེད། ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཐོས་བསམ་དང་སློབ་གཉེར་བྱེད་དགོས། སངས་རྒྱས་ཀྱི་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་སློབ་གཉེར་བྱས་ཏེ་རིགས་པས་ལམ་ནས་གཏན་ལ་ཕབ་རྒྱུ་ཞིག་བྱེད་དགོས། དེ་ནས་གཏན་ལ་ཕབ་པའི་དོན་དེ་སོ་སོས་ལག་ལེན་དུ་བསྐྱལ་ཏེ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་སྒྲུབ་པ་ཉམས་ལེན་བྱེད་དེ་སངས་རྒྱས་ཀྱི་རྟོགས་པའི་བསྟན་པ་འཛིན་དགོས།
གང་ལྟར་ལུང་གི་བསྟན་པ་དེ་འཆད་ཉན་བྱེད་ནས་འཛིན་རྒྱུ་ཞིག་དང་། རྟོགས་པའི་བསྟན་པ་དེ་སྒྲུབ་པ་ཉམས་ལེན་བྱེད་ནས་འཛིན་དགོས། དེ་གཉིས་མ་གཏོགས་གཞན་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་ཤིག་མེད། ཅེས་མཁས་མཆོག་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཞེས་ཐག་བཅད་ནས་གསུང་ཡོད།
ངོས་ཀྱི་དུས་རྒྱུན་ནང་པ་ཚོར་སངས་རྒྱས་ཀྱི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་སྟབས་སློབ་གཉེར་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དེང་སྐབས་དུས་རབས་ ༢༡ ནང་སླེབས་ཡོད་སྟབས། སངས་རྒྱས་པའི་ཆོས་པ་དེ་དུས་རབས་ ༢༡ པའི་ཆོས་པ་ཞིག་དགོས་རེད་ཅེས་བརྗོད་བཞིན་ཡོད། ངོས་ཀྱིས་སོག་ཡུལ་དུ་ཁྱེད་རང་ཚོ་མཇལ་སྐབས་སངས་རྒྱས་ཀྱི་བསྟན་པར་སློབ་གཉེར་རྒྱག་དགོས། ཞེས་འབོད་སྐུལ་བྱས་པ་ནི་སངས་རྒྱས་ཀྱི་ཆོས་དེ་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས་པ་ལས། ལམ་དང་ལུགས་སྲོལ་ལྟ་བུར་ཕྱིན་ན་ཟབ་པོ་དང་བརྟན་པོ་ཡོང་གི་མ་རེད། དེ་རིང་འདིར་ཁྱེད་རང་ཚོའི་གྲྭ་པ་ན་གཞོན་མང་པོ་འདུག ཁྱེད་རང་ཚོས་དཔེ་ཆ་བལྟས་ནས་སློབ་གཉེར་བརྒྱབ་རྒྱུར་ཤུགས་བརྒྱབ་ཤོག
གྲྭ་སར་ཆ་བཞག་ན། སྒོ་མང་གྲྭ་ཚང་ནང་སོག་པོ་མང་པོ་ཡོད་སྟབས། སོག་པོ་དེ་དག་གིས་ཡུལ་གྲུ་གཅིག་གིས་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་ཆར་སྒོ་མང་གྲྭ་ཚང་དང་སེར་བྱེས་གྲྭ་ཚང་སོགས་ཀྱི་ནང་སོག་པོའི་གྲྭ་རྒྱུན་གང་ཙམ་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ཡོད་སྟབས་དེ་ལས་ལྷག་བྱེད་རྒྱུ་མེད། ང་ཚོར་གང་ཡོད་པ་དེ་མཉམ་ཟ་མཉམ་འཐུང་བྱས་ནས་འགྲོ་བཞིན་ཡོད། ཁྱེད་རང་ཚོ་གྲྭ་སར་དཔེ་ཆ་ལྟ་མཁན་དེ་དག་དཔེ་ཆ་བལྟ་རྒྱུར་ཤུགས་རྒྱག་དགོས།
གྲྭ་ས་ནས་དཔེ་ཆ་བལྟས་ནས་རིམ་པས་དགེ་བཤེས་ཐོན་རྗེས་ཕ་ཡུལ་དུ་ཕྱིར་ལོག་རྗེས་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཡག་པོ་ཞིག་ཚུགས་ཐུབ་རྒྱུར་ཁྱེད་རང་ཚོས་ཁུར་ལེན་དགོས། འདི་ནི་ཁྱེད་རང་ཚོའི་སྐབས་བབ་ཀྱི་འགན་ཆགས་ཡོད། དེར་བརྟེན་སོག་ཡུལ་རང་གི་མཁན་པོ་བླ་མས་དབུ་མཛད་པའི་དགོན་པའི་ལས་སྣེ་ཚོས་འདི་ནས་སློབ་གཉེར་བརྒྱབ་ནས་ཐོན་པ་དེ་དག་ལ་དཔེ་ཆ་འཁྲིད་རྒྱུའི་གོ་སྐབས་དང་། ཁོང་ཚོར་སྡོད་ས་སོགས་ཀྱི་མཐུན་རྐྱེན་སྦྱར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་ནས་སློབ་གཉེར་བརྒྱབ་རྗེས་རིམ་པས་དགེ་བཤེས་ཐོན་ཏེ་ཕ་ཡུལ་དུ་ཕྱིར་སླེབས་རྗེས་བསྟན་པའི་ཞབས་འདེགས་བསྒྲུབ་ཐུབ་ཐབས་ཀྱི་བསམ་བློ་གཏོང་དགོས། དེ་མིན་ཕ་ཡུལ་ལ་སླེབས་རྗེས་ག་ལེར་འཇའ་ཡལ་བ་ལྟར་ཡལ་ན་དགོས་པ་གང་ཡང་མེད། ཅེས་བཀའ་སློབ་སྩལ་ཡོད།
སྤྱིར་པ་ཐཱ་ཚ་གཱང་ལྷ་ཁང་འདི་ནི་ཁལ་ཁ་རྗེ་བཙུན་དམ་པ་མཆོག་དང་དགའ་ལྡན་དགོན་པའི་མཁན་པོ་བླ་མ་ཆོས་རྒྱ་མཚོ་མཆོག་རྣམ་གཉིས་ཀྱི་དགོངས་གཞི་ལྟར། སོག་པོ་དགའ་ལྡན་དགོན་པ་དང་སོག་པོའི་གཞུང་གིས་རྒྱབ་སྐྱོར་ཐོག་བཞེངས་པ་ཞིག་རེད་འདུག དེ་བཞིན་ཕྱི་ལོ་ ༢༠༠༢ ལོར་སོག་པོའི་སྲིད་འཛིན་གཞུང་འབྲེལ་ཐོག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་སྐབས་གནས་འདིར་སོག་པོའི་དགོན་པ་དགོས་གལ་གཟིགས་ཏེ་རྒྱ་གར་གཞུང་དང་འབྲེལ་བ་བྱས་ནས་ས་ཆ་དང་ཆོག་མཆན་ཐོབ་རྗེས་དགོན་པ་བཞེངས་རྒྱུ་དབུ་འཛུགས་གནང་འདུག
ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་སོག་པོའི་ཆོས་ཞུ་བ་གྲངས་ ༢༥༠༠ ཙམ་འབྱོར་ཡོད་འདུག ཁལ་ཁའི་ཆོས་ཞུ་བ་གྲངས་ ༡༠༠༠ མ་ཟིན་ཙམ་འབྱོར་ཡོད་འདུག ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་སྒོ་མང་དུ་སོག་པོའི་གྲྭ་རྒྱུན་ ༦༠༠ ཙམ་དང་སེ་ར་བྱེས་ནས་ ༨༠ མ་ཟིན་ཙམ་སློབ་གཉེར་གནང་བཞིན་ཡོད།
དེ་རྗེས་བྷི་ཧར་མངའ་སྡེའི་གཙོ་འཛིན་ Ram Nath Kovind མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་འདུག །