༢༠༡༧ ཟླ་ ༡ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ སྐབས་འདིར་རྒྱལ་ཁབ་ཁག་ ༩༠ ནས་ཆོས་ཞུ་བ་འབུམ་གཉིས་ལྷག་ཕེབས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་ལྟར་ད་ལྟ་མུ་མཐུད་འབྱོར་བཞིན་ཡོད།
འདི་ལོའི་ཆོས་ཞུ་བའི་གྲངས་འབོར་དེ་ཕྱི་ལོ་ ༢༠༡༢ ལོའི་དུས་དབང་སྐབས་དང་མཚུངས་པ་ཞིག་ཆགས་ཡོད་པ་མ་ཟད། ད་ལྟ་མུ་མཐུད་ཆོས་ཞུ་བ་འབྱོར་བཞིན་ཡོད་སྟབས། ཉེ་བའི་ལོ་རྒྱུས་ནང་ཆོས་ཞུ་བ་མང་ཤོས་འདུ་འཛོམས་བྱུང་བའི་དུས་འཁོར་དབང་ཆེན་ཞིག་ཆགས་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན་ནས་བཟུང་ཆོས་ཞུ་བ་མུ་མཐུད་འབྱོར་བཞིན་ཡོད་སྟབས། གསུང་ཆོས་ར་བའི་ནང་ཆོས་ཞུ་བའི་ཤོང་ཚད་ཀྱི་གྲངས་འབོར་ཁྲི་བརྒྱད་ལས་མེད་སྟབས། གསུང་རའི་ཕྱི་རོལ་ཏུ་གསུང་ཆོས་ར་བ་ཆུང་བ་གཉིས་འཕར་མ་བཙུགས་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། དེ་བཞིན་གསུང་ར་འཕར་མ་གཉིས་ཀྱི་ནང་བཞུགས་ས་མ་ཐོབ་པ་རྣམས་རྒྱ་ལམ་གཡས་གཡོན་དུ་བཞུགས་ནས་གསུང་ཆོས་ཞུ་བཞིན་ཡོད།
ཐེངས་འདིའི་དུས་དབང་ཐོག་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་དང་སོག་ཡུལ་ཕུད་པའི་ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་དང་མོན་པ། འབྲས་ལྗོངས། འབྲུག ཧི་མཱ་ཅལ་བཅས་སོགས་ནས་ཆོས་ཞུ་བ་ཁྲི་བཞི་ཙམ་སླེབས་ཡོད། ཆོས་ཞུ་བ་གྲངས་འབོར་དེ་ཙམ་མང་པོ་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་པ་དེས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་དུས་དབང་ཞུ་རྒྱུའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་ནུས་མེད་དུ་བཏང་བ་ལྟ་བུ་ཞིག་ཆགས་ཡོད། ཐེངས་འདིའི་དུས་འཁོར་དབང་ཆེན་ནི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཙམ་མིན་པར་སྤྱི་ཚོགས་ཀྱི་འབྲེལ་ལམ་ཐོག་ལའང་ཕན་ཐོགས་གང་ཙམ་བྱུང་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་གནས་མཆོག་འདིར་རོ་བརྒྱ་ལྡན་པའི་ཟ་ཁང་དང་། ཇ་ཁང་ཧ་ཅང་མང་པོ་བཙུགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་མང་སྡོད་གུར་དུ་ཡོད་པའི་ཆོས་ཞུ་བ་རྣམས་ལ་སྔ་དྲོ་གསོལ་ཇ་དང་། དེ་བཞིན་གསུང་ཆོས་ར་བར་ཆོས་ཞུ་བ་རྣམས་ལ་གསོལ་ཇ་དང་བཞེས་བག་འབུམ་གཉིས་བརྒལ་བ་ཉིན་ལྟར་རིན་མེད་ཐོག་བགོས་འགྲེམས་ཞུ་བཞིན་ཡོད།
ཉེ་ལམ་རྒྱ་གར་གཞུང་གི་དཔལ་འབྱོར་ལས་ཁུངས་དང་ Reserve Bank of India རྒྱ་གར་གཞུང་གི་དངུལ་ཁང་ཨ་མར་བོད་མིའི་སྒྲིག་འཛུགས་ནས་རེ་སྐུལ་ཞུས་པ་བཞིན། ལོ་སྔོན་མའི་ལོ་འཇུག་ཏུ་རྒྱ་གར་གཞུང་ནས་དངུལ་ལོར་དང་འབྲེལ་བའི་ཁྲིམས་གསར་པ་དེས་དུས་དབང་སྐབས་ཆོས་ཞུ་བ་ཚོར་དངུལ་གྱི་དཀའ་ངལ་མི་ཡོང་ཆེད། དངུལ་འདོན་འཕྲུལ་ཆས་མང་དག་གཅིག་བཙུགས་ཐུབ་པ་བྱུང་ཡོད།
སྤྱིར་དུས་འཁོར་དབང་ཆེན་ནི་དུས་རབས་བཅོ་བརྒྱད་པའི་ནང་༸རྒྱལ་དབང་གྱིས་དུས་འཁོར་དབང་ཆེན་བསྩལ་རྒྱུའི་ལམ་ལུགས་ཐོག་མ་དེ་༧རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐབས་བྱུང་བ་ཞིག་ཆགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དུས་དབང་དབུ་འཛུགས་སྐབས་ཆོས་ཞུ་བ་ཚོས་ཆོས་ཆོས་སུ་འགྲོ་བ་ཞིག་བྱེད་དགོས་པ་དང་། རང་རྒྱུད་དུལ་བའི་ཐོག་ནས་མི་བཟང་པོ་ཆགས་དགོས་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱུང་ཚེ་དུས་འཁོར་དབང་ཆེན་ཞུས་པའི་དགོས་པ་ཚང་བ་ལྟ་བུ་ཞིག་ཆགས་ཡོད། ཅེས་བཀའ་སློབ་ཕེབས་ཡོད།
སྤྱིར་ཕྱི་ལོ་ ༡༩༥༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་སྩལ་བ་ནས་བཟུང་ད་ཐེངས་བར་དུས་དབང་ཐེངས་ ༣༤ སྩལ་ཡོད། །