ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་ལས་ཁུངས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་ཟུར་པ་རྒྱམ་ནག་དཔོན་ཚང་ཀརྨ་ཚེ་དབང་འགྱུར་མེད་ལགས་གློ་བུར་ནད་མནར་རྐྱེན་པས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཙེས་ ༦ རེས་གཟའ་པ་སངས་ཉིན་གྱི་མཚན་མོར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
ཁོང་ནི་ཕྱི་ལོ་ ༡༩༢༧ ལོར་སྟོད་མངའ་རིས་ཁུལ་གྱི་འབྲོང་པ་བར་ཡང་དུ་ཕ་ཟླ་བ་བསྟན་འཛིན་དང་མ་རིན་ཆེན་མཁའ་འགྲོ་གཉིས་ལ་སྐྱེས་ཤིང་། བཙན་བྱོལ་དུ་མ་ཕེབས་གོང་འབྲོང་པ་བར་ཡང་དུ་སྤྱི་མི་དང་བརྒྱ་དཔོན་སོགས་ལོ་ཤས་གནང་བ་དང་། ཕྱི་ལོ་ ༡༩༦༢ ལོར་བཙན་བྱོལ་དུ་ཕེབས་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་ཀྱི་འགོ་འཛིན་གནང་དགོས་པའི་བཀའ་ཕེབས་བཞིན། བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་འགོ་བཙུགས་ནས་ཕྱི་ལོ་ ༡༩༩༡ བར་ས་གནས་འགོ་འཛིན་དང་མཉམ་འབྲེལ་ཚོགས་གཙོ་གཅིག་ལྕོགས་གནང་འདུག དེའི་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཡང་ལོ་མང་རིང་གནང་འདུག་ཅིང་། མདོར་ན་མི་ལོ་ ༢༩ ལྷག་ཙམ་རིང་བཙན་བྱོལ་ནང་གནས་སྟངས་ཛ་དྲག་སྐབས་བོད་བསྟན་སྲིད་མི་རིགས་ཀྱི་སྲི་ཞུ་ཞབས་འདེགས་སྒྲུབ་མཁན་ཞིག་ཡིན་པར་རྗེས་སུ་ཡི་རང་ཞུ་རྒྱུ་དང་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་དང་། དམ་པ་དེ་ཉིད་ཀྱི་བྱས་བསགས་སྡིག་ལྷུང་ཐམས་ཅད་བྱང་ཞིང་དག་ནས་དལ་འབྱོར་རྟེན་བཟང་རིམ་པའི་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པའི་སྨོན་འདུན་བཅས།།