༢༠༡༧ ཟླ་ ༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ སྩལ་བ་འདི་ནི་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་དམིགས་བསལ་བ་ཞིག་ཆགས་ཡོད། དེ་ཡང་གནས་ཁྱད་པར་ཅན་སྟོན་པ་མངོན་པར་རྫོགས་པ་འཚང་རྒྱ་སའི་གནས་མཆོག་རྡོ་རྗེ་གདན་ཡིན་ཞིང་། འཁོར་ཕུན་སུམ་ཚོགས་པ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གྱིས་གཙོས་སྐྱེས་ཆེན་དམ་པ་རྣམས་དང་རྒྱལ་ཁབ་ཁག་ ༩༠ ལྷག་ནས་སྐྱ་སེར་ཕོ་མོ་དབྱེར་མེད་འདུས་ཤིང་། གསོལ་འདེབས་ཞུ་མཁན་བོད་མིའི་སྒྲིག་འཛུགས་ཡིན་སྟབས་བཙན་བྱོལ་ནང་ཆེད་ཐོག་མ་ཡིན་པ་མ་ཟད།
འཛམ་གླིང་ས་ཕྱོགས་གང་དུ་གནས་ཡོད་ཀྱང་བླ་མ་ཡི་དམ་གྱི་བྱིན་རླབས་ལ་ས་ཐག་ཉེ་རིང་གི་ཁྱད་གང་ཡང་མེད་པའི་གསུང་སྲོལ་ཡོད་པ་ལྟར་ཐེངས་འདིར་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་རོགས་རམ་འོག་དུས་དབང་ཐེངས་ ༣༤ བཀའ་དབང་སྔོན་འགྲོ་དང་དངོས་གཞི་བཅས་ཆ་ཚང་བརྙན་འཕྲིན་ལམ་ནས་ཐད་ཀར་རྒྱང་སྲིང་ཞུ་ཐུབ་པ་བྱུང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། གནས་མཆོག་རྡོ་རྗེ་གདན་དུ་དངོས་སུ་དུས་དབང་ཞུ་བར་བཅར་མཁན་མི་གྲངས་འབུམ་གཉིས་ཕེབས་ཡོད་པ་མ་ཟད། འདིར་དངོས་སུ་ཕེབས་མ་ཐུབ་ཀྱང་འཛམ་གླིང་ས་ཕྱོགས་གང་ས་ནས་བརྙན་འཕྲིན་གྱི་ལམ་ནས་དུས་དབང་ཐད་ཀར་རྒྱང་སྲིང་ལས་རིམ་ལ་གཟིགས་ཐུབ་མཁན་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་ཙམ་བྱུང་འདུག ཅེས་གསུངས།
གཞན་ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་ཨིན་སྐད་དང་རྒྱ་སྐད། བོད་སྐད། ཝི་ཏི་ནམ། ཧིན་སྐད། ཀོ་རི་ཡ། ཨུ་རུ་སུ། སོག་པོ་བཅས་སྐད་ཡིག་བརྒྱད་ཀྱི་ལམ་ནས་ཐེངས་འདིའི་དུས་དབང་སྔོན་འགྲོའི་བཀའ་ཆོས་དང་དངོས་གཞི་དབང་སོགས་ཐད་ཀར་རྒྱང་སྲིང་ཞུ་ཐུབ་པ་བྱུང་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་འཛམ་གླིང་ཁྱོན་དུ་དར་ཁྱབ་ཡོད་པའི་ཡུ་ཊུབ་ YouTube དང་ངོ་དེབ་ Facebook བཅས་བརྒྱུད་ནས་དུས་འཁོར་དབང་ཆེན་སྐབས་ཀྱི་ལས་རིམ་ཡོངས་རྫོགས་རྒྱང་སྲིད་ཞུས་པ་དེར་གསན་གཟིགས་གནང་མཁན་མི་གྲངས་ས་ཡ་གསུམ་དང་། ཐད་གཏོང་རྒྱང་སྲིང་ཞུ་ཐེངས་གཅིག་ལ་གསན་གཟིགས་གནང་མཁན་མི་གྲངས་འབུམ་གཉིས་ཙམ་བྱུང་ཡོད་སྐོར་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་འགན་འཛིན་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་གསུངས།
ཕྱོགས་མཚུངས་ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་གསུང་དོན། ང་ཚོས་དུས་འཁོར་དབང་ཆེན་ཐེངས་ ༣༤ ཐད་ཀར་རྒྱང་སྲིང་ཞུ་སྐབས་ཤར་རྒྱ་ནག་ནས་ནུབ་ཅི་ལི་ Chile བར་དང་། ལྷོ་ཨ་ཕི་རི་ཀ་ནས་ཤྲི་ལངྐའི་བར་སོགས་ནས་གསན་གཟིགས་གནང་མཁན་དང་དགའ་བསུ་གནང་མཁན་སོགས་ཧ་ཅང་མང་པོ་འདུག ཅེས་གསུངས།
ཕྱོགས་མཚུངས་གཞིས་ལུས་བོད་མི་དུས་དབང་ཞུ་འདོད་ཡོད་ཀྱང་རྒྱ་ནག་གཞུང་གིས་འགྲུལ་བཞུད་ལ་དམ་བསྒྲགས་བྱས་པ་སོགས་ལ་བརྟེན་ནས་དངོས་སུ་བཅར་མ་ཐུབ་མཁན་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདུལ་བའི་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཚུལ་ལུང་འདྲེན་མཛད་ནས་དུས་དབང་སྐབས་གསོལ་བ་རྩེ་གཅིག་ཐོག་ནས་སྨོན་ལམ་བརྒྱབ་པ་ཡིན་ན་དབང་ཐོབ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་དོན། དེ་རིང་འདིར་རྒྱ་ནག་དང་བོད་ནས་དོན་གཉེར་ཧ་ཅང་ཆེན་པོ་ཡོད་ཀྱང་། འདི་གར་ཡོང་རྒྱུ་སྟབས་མི་བདེ་བར་དཀའ་ངལ་འཕྲད་ཡོད་པ་དེ་དག་ལ། ངོས་ཀྱིས་འདི་ནས་དམིགས་འོག་ཏུ་བཅུག་ནས་ས་གནས་ས་ཐོག་ཏུ་ཡོད་མཁན་ཚོས་དད་པ་དང་འདུན་པ་ཤུགས་དྲགས་སྐྱེས་ཏེ་བསམ་བློ་བཏང་ན་དབང་ཐོབ་ཀྱི་རེད་ཅེས་བརྗོད་བཞིན་ཡོད། འདུལ་བའི་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ། ཞེས་པ་ལྟ་བུར་དེང་སང་འཕྲུལ་འཁོར་གྱི་ཡོ་བྱད་སྒོ་ནས་ས་ཁད་ཐག་རིང་པོའི་སྐད་ཆ་གང་ཡང་མེད། གང་ལྟར་གོ་བརྡ་འཕྲོད་པ་དང་སོ་སོའི་མོས་པས་ལྕོགས་ན་དབང་འདི་ཐོབ་ཀྱི་རེད། ངོས་ཀྱིས་འདི་ནས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། དེ་རིང་ནས་བྱས་དངོས་གཞི་དབང་གི་སྐབས་དབང་དོན་ངོ་སྤྲོད་སྐབས་སོ་སོས་བསམ་བློ་གཏང་ན་དབང་ཐོབ་ཀྱི་རེད་བསམ་དྲན་གྱི་འདུག ཅེས་བཀའ་སློབ་སྩལ།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ནང་གི་བཙན་བྱོལ་བོད་མི་ལོ་ན་རྒས་འཁོགས་ཁག་གཅིག་གཙོ་བོར་གྱུར་བའི་དུས་དབང་དུ་བཅར་མ་ཐུབ་མཁན་རྣམས་ལ་དམིགས་ནས་དུས་དབང་རྣམས་ཐད་ཀར་བརྙན་འཕྲིན་ལམ་ནས་གཟིགས་རྒྱུར་མཐུན་འགྱུར་སྐྲུན་ཡོད། དེ་ཡང་ལ་དགས་ནས་ལོ་ན་ ༨༠ སོན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུང་དོན། ང་མ་འཆི་གོང་དུས་དབང་ཐེངས་གཅིག་ཐོབ་རྒྱུ་བྱུང་ན་ཅི་མ་རུང་སྙམ་ནས་བསྡད་ཡོད། འོན་ཀྱང་ང་རང་ལོ་ཚོད་རྒས་ནས་ལུས་ནད་མནར་དང་། ས་ཐག་ཧ་ཅང་རིང་བ་སོགས་ཀྱིས་རྐྱེན་པས་རྡོར་གདན་དུ་དངོས་སུ་བཅར་ཐབས་བྲལ་སྟབས། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་བརྙན་འཕྲིན་གྱི་ལམ་ནས་དུས་འཁོར་དབང་ཆེན་ཐད་ཀར་རྒྱང་སྲིང་གནང་བར་བརྟེན་ངས་བྱང་ཆུབ་སེམས་པ་དང་སྔགས་ཀྱི་སྡོམ་པ་སོགས་ཞུ་ཐུབ་པ་མ་ཟད། དབང་དངོས་གཞི་ཡང་དཀའ་ངལ་རྩ་བ་ནས་མེད་པའི་ཐོག་ནས་ཞུ་ཐུབ་པ་བྱུང་། འདི་ནི་ངར་རྨི་ལམ་མངོན་གྱུར་བྱུང་བ་ལྟ་བུའི་ཧ་ཅང་གི་བསྐལ་བ་བཟང་པོ་བྱུང་། ད་ནི་འཆི་ཡང་འགྱོད་པ་མེད། ཅེས་གསུངས།
སྤྱིར་རྒྱ་བལ་འབྲུག་གསུམ་དང་ཨ་རི་སོགས་ཀྱི་ནང་བོད་མི་དང་བླངས་པ་ཁག་གཅིག་གིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ཞུས་པའི་ལས་རིམ་རྣམས་ས་གནས་མང་ཚོགས་རྣམས་ལ་གཟིགས་འབུལ་ཞུ་རྒྱུར་མཐུན་འགྱུར་རྒྱ་ཆེ་གནང་འདུག
དེ་ཡང་དྲིལ་བསྒྲགས་དྲུང་ཆེ་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་གསུང་དོན། དུས་དབང་ཐད་ཀར་རྒྱང་སྲིང་ཞུ་ཐུབ་པ་འདི་ནི་འཕྲུལ་ཆས་ཀྱི་ལམ་ནས་བླ་སློབ་འབྲེལ་བ་རྒྱུན་སྐྱོང་ཐུབ་པའི་དཔེ་མཚོན་གསལ་པོ་ཞིག་ཆགས་ཡོད། ཐེངས་འདིར་ང་ཚོས་འཕྲུལ་ཆས་ལམ་ནས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་རང་གི་རྩ་བའི་བླ་མའི་སྐུ་དྲུང་ནས་ཐད་ཀར་དུས་དབང་ཞུ་རྒྱུའི་གོ་སྐབས་སྤྲུན་ཐུབ་པ་བྱུང་ཡོད། འདི་ནི་དངོས་གྲུབ་ལྟ་བུ་ཞིག་ཡིན། ཞེས་གསུངས།