༢༠༡༧ ཟླ་ ༡ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༨ ཉིན་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པརག་ Prague ནང་དུ་རྟེན་གཞི་བྱས་པའི་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་མིལ་ཡུས་ཧོརས་ཀ་ Miluse Horska མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་པི་ཏྲར་སྦ་ར་ཊ་སི་ཀེ་ Petr Bratsky མཆོག དེ་བཞིན་པི་ཏྲར་སི་ལར་ Mr. Petr Silar མཆོག་དང་། ཇི་རི་སེས་ཏཀ་ Mr. Jiri Sestak མཆོག གྲོས་ཚོགས་འཐུས་མི་མ་རེཀ་བེན་ཏྲ་ Marek Benda མཆོག་བཅས་དང་ལྷན་མཇལ་འཕྲད་ཞུས་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་། དེ་བཞིན་བོད་ནང་གཞིས་ལུས་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཡིག་ཆ་ཕྱོགས་སྒྲིག་ཞུས་པ་ཁག་གཅིག་འབུལ་ལམ་ཞུས་པའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོར་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་རྐྱེན་གྱིས་བོད་མི་ཁག་གཅིག་འུ་ཐུག་ཐབས་ཟད་ཐོག་ནས་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་འཁོད་པ་མ་ཟད། ཡིག་ཆ་དེའི་ནང་འཛམ་གླིང་ཁྲོད་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་ཛ་དྲག་གནས་སྟངས་སྐོར་ཡང་འཁོད་ཡོད།
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་རྒྱལ་ས་པ་རག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱག་མར་ཊིན་ Mark Martin མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་དང་། ལྷག་པར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་དགེ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་རྣམས་དགོན་པ་ནས་བཙན་དབང་འོག་ཕྱིར་འབུད་བཏང་བའི་གནད་དོན་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་འདུག་པ་དང་། དེ་རྗེས་སྐུ་ཚབ་དོན་གཅོད་ནས་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་པོ་ཏཱ་ལ་དང་རླུང་རྟ། གླེང་སྟེགས་ཕྱི་ལོ་ ༢༠༠༠། དེ་བཞིན་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་སོགས་དང་ཡང་ཐུག་འཕྲད་གནང་ཡོད་པ་བཅས།།