༢༠༡༧ ཟླ་ ༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༤ ཉིན་སྐུ་ཞབས་ཨེན་ཊོ་ནིའོ་ཏ་ཇ་ནི་ Antonio Tajani མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འོས་འདེམས་བྱུང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཡུ་རོབ་གྲོས་ཚོགས་ནང་ད་བར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དུ་མ་བཞག་གནང་བ་བརྒྱུད། རྒྱ་ནག་དམར་པོའི་དབང་སྒྱུར་འོག་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་སོགས་དྲང་བདེན་མིན་པའི་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་བོད་མིའི་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་སོགས་ལ་ཡི་རང་བསྔགས་བརྗོད་དང་སྦྲགས་འཚམས་འཕྲིན་གནང་བའི་ནང་འཁོད་དོན།
སྤྱིར་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་མང་དག་གཅིག་བཞག་གནང་བ་དང་། ལྷག་པར་ཉེ་ལམ་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གིས་དེང་སྐབས་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་འཛམ་གླིང་ནང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་དང་གཏོང་བཞིན་པ་དེར་ངོ་རྒོལ་གྱི་གྲོས་ཆོད་བཞག་པ་དེས་བོད་མིའི་བདེན་པའི་འཐབ་རྩོད་ལ་ནུས་ཤུགས་འཕར་མ་ཞིག་སྦྱིན་ཐུབ་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་བོད་མི་མི་རབས་གསར་པ་ཚོར་ཡིད་ཆེས་བརྟན་པོ་རྙེད་ཐུབ་པ་བྱུང་ཡོད།
ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་རྒྱལ་ཁབ་མང་པོ་སྤྱི་པའི་སྒྲིག་འཛུགས་གཅིག་གི་འོག་མཉམ་གནས་བྱ་རྒྱུའི་གཞི་རྩའི་འཆར་སྣང་དེར་རྒྱབ་སྐྱོར་མཛད་མཁན་གཙོ་བོ་ཞིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཡོད་པ་མ་ཟད། དེང་སྐབས་རྒྱལ་ཁབ་ཕན་ཚུན་དེ་སྔ་ལས་ལྷག་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་དངོས་ཡོད་འཛམ་གླིང་གི་གནས་སྟངས་འདིའི་འོག སྤྱི་ཚོགས་འཆམ་མཐུན་ངང་མཉམ་གནས་ཐུབ་རྒྱུའི་རེ་བའི་མིག་དཔེ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད།
དེ་བཞིན་ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་གྲོང་ཁྱེར་སི་ཌར་སི་སྦག་ Strasbourg ཏུ་ཞི་བའི་དོན་ཚན་ལྔ། ཞེས་པའི་སྲིད་བྱུས་འདོན་གནང་མཛད་པ་ནས་བཟུང་ཡུ་རོབ་གྲོས་ཚོགས་སུ་ཡང་ཡང་གདན་འདྲེན་ཞུས་ཡོད། ང་ཚོས་སྐུ་ཉིད་མཆོག་གི་དབུ་ཁྲིད་གྱི་འཇོན་ཐང་ལ་ཡིད་ཆེས་ཞུ་རྒྱུ་མ་ཟད། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བའང་ཞུ་བཞིན་ཡོད། དེར་བརྟེན་འབྱུང་འགྱུར་སྐུ་ཉིད་མཆོག་གི་ཚོགས་གཙོའི་ལས་ཡུན་རིང་བོད་ནང་གི་ཛ་དྲག་གནས་སྟངས་ལྷིང་འཇགས་ཡོང་རྒྱུ་མ་ཟད། རྒྱ་ནག་དཔོན་རིགས་ཚོ་དང་ལྷན་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞི་བཅོལ་ནས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་མགྱོགས་མྱུར་གསལ་ཐུབ་པའི་རེ་བའང་ཞུ་བཞིན་ཡོད།
ང་ཚོས་སྐུ་ཉིད་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདི་ཆིག་སྒྲིལ་ཐོག་མུ་མཐུད་སྲ་བརྟན་དུ་གནས་ཐུབ་པའི་སྨོན་མདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།
འཚམས་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་ཕབ་སྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ