༢༠༡༧ ཟླ་ ༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༥ ཉིན་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་ཤིག་གཏོང་བཞིན་པ་དེ་འཕྲལ་མར་མཚམས་འཇོག་དགོས་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་གནང་བ་ལྟར། ཕ་རན་སིའི་ཡུལ་གྱི་གྲོས་ཚོགས་སུའང་དེ་མཚུངས་གྲོས་ཆོད་གཅིག་གཞག་ཐུབ་པ་གནང་རོགས། ཞེས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༤ ཉིན་ཕ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཞུས་ནས་རེ་འདུན་ཤུགས་ཆེ་བཏོན་གནང་འདུག
དེ་ཉིན་སྐུ་ཚབ་དོན་གཅོད་ཕ་རན་སིའི་གྲོས་ཚོགས་འོག་མའི་ནང་བཅར་ནས་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལས་རོགས་སྐུ་ཞབས་ཇེན་པེ་ཊིག་གི་ལེ་མཆོག་ Mr Jean-Patrick GILLE དང་། ནུ་ཝེལ་མ་མེར་མཆོག Mr Noel MAMERE མཇལ་འཕྲད་གནང་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་ནས་ཕ་རན་སིའི་ཡུལ་གྱི་རྩ་ཁྲིམས་ནང་ཧ་ཅང་གཙིགས་ཆེར་འཛིན་བཞིན་པའི་གཞི་རྩའི་རང་དབང་དང་དྲང་བདེན། འདྲ་མཉམ་སོགས་ཀྱི་རིན་ཐང་ལ་ཆེ་མཐོང་དང་བརྩི་བཀུར་ཧ་ཅང་ཞུ་བཞིན་པའི་ཁྱད་ཆོས་དེ་དག་ལུང་འདྲེན་གནང་བ་དང་སྦྲགས། བོད་དོན་ཐོག་ལའང་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པ་དེར་བཀའ་དྲིན་རྗེས་དྲན་ཞུས་ནས། ཉེ་ལམ་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་དང་། གྲྭ་བཙུན་རྣམས་བཙན་དབང་འོག་དགོན་པ་ནས་གནས་དབྱུང་གཏོང་བཞིན་པའི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་བརྒྱུད་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོགས་དགོས་པའི་གྲོས་ཆོད་བཞག་པ་ལྟར།
གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་ཕ་རན་སིའི་གྲོས་ཚོགས་ French Parliament ནང་མགྱོགས་མྱུར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཞག་ཐུབ་པ་གནང་རོགས། ཞེས་རེ་སྐུལ་ཤུགས་ཆེ་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་མ་ཟད། ལྷག་པར་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་བོད་ཙམ་མ་ཟད། ཨེ་ཤི་ཡ་དང་འཛམ་གླིང་ཁྱོན་དུ་ཤུགས་རྐྱེན་ཧ་ཅང་འཐེབ་བཞིན་ཡོད་པར་བརྟེན། ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུངས།
སྐབས་དེར་སི་ཊར་སི་བྷག་ Strasbourg ནས་སྐུ་ཞབས་ཨེ་རིག་ཨེལ་ཀོ་བྷེ་ Mr Eric Elkouby མཆོག་དང་ཇེ་རེ་མི་ཀ་ལོ་ཧ་ཌི་ Mr Jeremy Calohard མཆོག་བཅས་ཀྱང་ཕེབས་ཡོད་པ་དང་། ཕྱོགས་མཚུངས་སྦར་སེལ་སྐུ་ཚབ་དོན་ཁང་ནས་དྲུང་ཡིག་ཚེ་རིང་དོན་གྲུབ་ལགས་དང་། འཇིག་མེད་རྡོ་རྗེ་ལགས་བཅས་ཕེབས་འདུག ཕ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཐོག་མར་ཕྱི་ལོ་ ༡༩༩༠ ལོར་དབུ་འཛུགས་གནང་བ་དང་། ཕ་རན་སིའི་གྲོས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་གྲངས་ ༤༥ ཡོད་འདུག