༢༠༡༧ ཟླ་ ༡ ཚེས་ ༡ རེས་གཟའ་ཉི་མ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་ནས་ནང་འཁོད་དོན། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་འདེབས་དང་གོ་སྒྲིག་ཞུས་ཡོད་པ་ལྟར། སྔར་དང་མི་འདྲ་བར་ལས་དོན་གང་ཅིའི་ཐད་མཐུན་རྐྱེན་གོ་སྒྲིག་རྒྱ་གང་ཆེ་གནང་བཞིན་འདུག
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་དང་དུས་འཁོར་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ཆོས་སྐྱོང་དབང་ཕྱུག་མཆོག་ལ་དུས་འཁོར་དབང་ཆེན་གྱི་སྤྱི་ཡོངས་གོ་སྒྲིག་དང་། ལྷག་པར་འཕྲོད་བསྟེན་ལས་ཁུངས་ཀྱི་ཆོས་ཞུ་བའི་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་གི་སྐོར་བཅའ་འདྲི་ཞུས་པ་གཤམ་གསལ།
དྲི་བ། ཐེངས་འདིའི་དུས་འཁོར་དབང་ཆེན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གསོལ་འདེབས་དང་གོ་སྒྲིག་ཞུས་པ་ཞིག་ཡིན་སྟབས། དེ་སྔ་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ངོས་ནས་ཆོས་ཞུ་བ་ཚོར་སྨན་བཅོས་མཐུན་རྐྱེན་ཐོག་གོ་སྒྲིག་གང་དང་གང་གནང་ཡོད་དམ།
ལན། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཆོས་ཞུ་བ་མི་མང་རྣམས་ནད་ན་ཚ་སྔོན་འགོག་ཆེད་རྐང་འགན་འཁུར་ཞུ་བཞིན་ཡོད། འདིར་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་དང་སྨན་པ། སྨན་ཞབས་ཁྱོན་གྲངས་ ༦༠ ཙམ་ཕེབས་ཡོད། དེའི་ཁོངས་བོད་པའི་སྨན་པ་བདུན་དང་། འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་ནས་སྨན་ཞབས་ཁྱོན་བསྡོམས་སུམ་ཅུ། སྨན་སྤྲོད། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བཅས་ཚུད་ཡོད། དེ་བཞིན་ནད་པ་འོར་འདྲེན་བྱེད་སའི་རླངས་འཁོར་དྲུག་གོ་སྒྲིག་ཞུས་ཡོད། གཞན་ཡང་ང་ཚོར་དང་བླང་རམ་འདེགས་གནང་མཁན་ཁོངས། ཐེ་ཝན་ནས་དང་བླངས་སྨན་པ་ཁག་བཅུ་གཉིས་དང་། མངའ་རིས་སྤྱི་མཐུན་ནས་ནད་པ་འོར་འདྲེན་བྱེད་སའི་རླངས་འཁོར་གཉིས་དང་། དང་བླང་མི་བཅུ་གཉིས། དེ་བཞིན་བོད་ཀྱི་བདེ་རྩའི་Tibet Charity དང་ཕྱི་བཅོས་གསོ་ཐབས་ཀྱི་ཐོག་ཕྱག་ལས་གནང་མཁན་སྨན་པ་ཡང་ཡོད།
དེ་དང་ཆབས་ཅིག་སྤྱིར་བཏང་གི་ནད་རིགས་སྔོན་འགོག་དང་།་ལྷག་པར་འདིར་མི་ཚོགས་འདུ་འཛོམས་ཆེན་པོ་ཡོད་པའི་གནས་སྟངས་འོག་ཆམ་པ། མགོ་ན་བ་སོགས་ནད་གཞི་ཁག་སྔོན་འགོག་གི་སྐོར་གོ་རྟོགས་སྤེལ་ཆེད་ལས་བྱེད་ཟུར་འཛུགས་ཀྱིས། མི་མང་གི་སྡོད་གུར་ཁག་ཏུ་ལས་བྱེད་དངོས་སུ་བཅར་ཏེ་ནད་པ་ཡོད་མེད་ལྟ་རྟོག་དང་། ནད་རིགས་སྔོན་འགོག་དང་འབྲེལ་བའི་སློབ་སྟོན། ཡིག་ཆ་འགྲེམས་སྤེལ་སོགས་བྱས་པ་བརྒྱུད་མང་ཚོགས་ཁྲོད་འཕྲོད་བསྟེན་གོ་རྟོགས་ཀྱི་ལས་འཆར་ཞིག་ཀྱང་ཡོད། དེ་དང་ཆབས་ཅིག་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གནད་འགག་ཆེ་བ་ཞིག་ཆགས་ཡོད་སྟབས། དེ་དང་འབྲེལ་བའི་ཐོག་གོ་རྟོགས་སྤེལ་བ་དང་སྦྲགས་ལས་གཞི་འདིའི་ནང་བོད་མི་གང་མང་འཛུལ་ཞུགས་ཐུབ་རྒྱུའི་ལས་གཞི་ཞིག་ཀྱང་འགྲོ་བཞིན་ཡོད།
ལྷག་པར་ད་རེས་འཕྲོད་བསྟེན་ལས་ཁུངས་ངོས་ནས་སྨན་སྒར་ཁག་བཞི་བཙུགས་ཡོད། སྨན་སྒར་ཆེ་ཤོས་དེ་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་དང་མཆོད་རྟེན་གྱི་ཉེ་འཁྲིས་སུ་བཙུགས་ཡོད། སྨན་སྒར་གཞན་རྣམས་བོད་ནས་ཆོས་ཞུར་བཅར་མཁན་རྣམས་ཀྱི་བཞུགས་གནས་དང་། མི་མང་བཞུགས་གནས་མ་ག་ད་མཐོ་སློབ་ཀྱི་གླིང་ག བཀའ་བརྒྱུད་སྨོན་ལམ་གྱི་ཆོས་རའི་ནང་དུ་ནང་ཤེས་འཕྲོད་གསུམ་གྱི་ཉམ་ཐག་ཨང་ཐོབ་ཅན་ ༡༠༠༠ ལྷག་ཙམ་དང་སེ་རའི་དགེ་འདུན་པ་ ༢༥༠༠ ཙམ་གྱི་བཞུགས་གནས་སར་བཙུགས་ཡོད། གཞན་ཡང་འཕྲོད་བསྟེན་དང་འབྲེལ་བའི་ཁོར་ཡུག་གཙང་བཟོའི་ལས་གཞིའི་ཐོག་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དང་ཆོས་རིག་ལས་ཁུངས་ཀྱི་ལས་ཟུར་བློ་བཟང་ལགས་རྣམ་གཉིས་ཀྱི་འགན་ཁུར་འོག ནང་པའི་གཞོན་སྐྱེས་མཐུན་ཚོགས་ཀྱི་ཚོགས་མི་ ༢༥༠ ཙམ་དང་ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་ ༣༠།
དེ་བཞིན་ཝ་ར་ཎ་སི་ཧིན་དུ་མཐོ་སློབ་Banaras Hindu University ནས་འཕྲོད་བསྟེན་ལས་དོན་དང་ཁོར་ཡུག་གཙང་བཟོའི་ལས་གཞི་སོ་སོའི་ཆེད་ཁྱོན་དང་བླངས་སློབ་ཕྲུག་གྲངས་ ༨༠ ཡོད། དེ་ནས་ཐེ་ལེན་ཌིའི་བཙུན་མ་ཞིག་གི་འགན་འཁུར་འོག་མི་སྣ་ཁག་གཅིག་བཅས་ཁྱོན་བསྡོམས་མི་གྲངས་སུམ་བརྒྱ་བརྒལ་བས་ཁོར་ཡུག་གཙང་བཟོའི་ལས་དོན་འགྲོ་མུས་ཡིན། ལྷག་དོན་བྷི་ཧར་གྷ་ཡ་རྫོང་གི་འཛིན་སྐྱོང་གི་མཐུན་འགྱུར་འོག་སྨན་སྒར་བཅུ་ཙམ་འཛུགས་རྒྱུ་ཡིན་པ་དང་། དེའི་ཁོངས་ནས་བཞི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་མཉམ་རུབ་བྱེད་རྒྱུ་བྱས་པ་རེད། ནད་པ་ཛ་དྲག་བྱུང་ཚེ་གྷ་ཡར་གཞུང་གི་སྨན་ཁང་ནང་ཆོས་ཞུ་བའི་ཆེད་ཉལ་ཁྲི་ཟུར་འཛུགས་བྱས་ཡོད་པ་མ་ཟད། སྒེར་གྱི་སྨན་ཁང་ཨེམ་སི་ཞེས་པར་འབྲེལ་བ་བྱས་ཏེ་ནད་པ་བསྟེན་གཏུགས་བྱེད་དགོས་བྱུང་ཚེ་སྨན་པའི་རིན་འབབ་ནས་བརྒྱ་ཆ་སུམ་བཅུ་ཆག་ཡང་སོགས་ཀྱི་ཐབས་ཤེས་གྲ་སྒྲིག་བྱས་ཡོད། དེ་བཞིན་རྡོ་རྗེ་གདན་གྱི་སྨན་ཁང་དུ་ཆོས་ཞུ་བའི་ཆེད་ཉལ་ཁྲི་ཟུར་འཛུགས་ཞུས་ཡོད། ད་ལྟའི་ཆར་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་དེ་དག་ཚགས་ཚུད་ངང་འགྲོ་བཞིན་ཡོད།
དྲི་བ། བཀའ་བློན་མཆོག་ནས་ཆོས་ཞུ་བ་ཚོར་འཕྲོད་བསྟེན་དང་འབྲེལ་བའི་སློབ་གསོ་ལམ་སྟོན་གང་ཡོད་དམ།
ལན། ད་ལྟའི་ཆར་གནས་མཆོག་རྡོ་རྗེ་གདན་དུ་གནམ་གཤིས་འགྱུར་ལྡོག་ཧ་ཅང་འགྲོ་བཞིན་ཡོད་སྟབས་ཚང་མས་སོ་སོའི་གཟུགས་པོར་ཚ་གྲང་འཐེབ་བཅུག་རྒྱུ་མེད། དེ་མིན་མང་ཚོགས་ནས་ཁ་རེས་ངེས་པར་དུ་གྱོན་དགོས་པ་དང་། འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་ཐོག་ཁ་རས་བགོ་འགྲེམས་བྱས་དང་བྱེད་བཞིན་ཡོད། དེ་བཞིན་ཆོས་ཞུ་བ་ཚོས་འཐུང་ཆུ་གཙང་མ་བེད་སྤྱོད་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། འཕྲོད་བསྟེན་ལས་ཁུངས་ནས་ཆུ་ནང་གི་འབུ་གསོད་རྒྱུའི་སྨན་ཁ་གྲངས་མང་པོ་ཞིག་མངགས་ཉོས་བྱས་ཡོད། གལ་ཏེ་གཟུགས་པོ་བདེ་མིན་བྱུང་ཚེ་སྡུག་རུས་བརྒྱབ་ནས་མ་བསྡད་པར་འཕྲལ་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་སྒར་ཁག་ཏུ་བསྟེན་གཏུགས་བྱེད་པར་ཕེབས་དགོས། དེ་བཞིན་མང་ཚོགས་ནས་བཟའ་ཆས་རིགས་ལའང་ངེས་པར་དུ་ཡིད་གཟབ་གནང་དགོས། ཞེས་གསུངས།
ཡང་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་སུ་ཆོས་ཞུ་བའི་འཕྲོད་བསྟེན་དང་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པ་གཤམ་གསལ།
དྲི་བ། འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་སྒར་གྱི་ནང་སྨན་གཏུག་བྱེད་མཁན་མང་ཆེ་བ་ནད་གཞི་གང་ཞིག་བསྟེན་ཆེད་ཡོང་བཞིན་འདུག
ལན། ནད་པ་མང་ཆེ་བ་ཆམ་པ་དང་། མགོ་ན་བ། གྲོད་ཁོག་ཤལ་བ་སོགས་བསྟེན་མཁན་ཡོང་བཞིན་འདུག
དྲི་བ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༩ ཉིན་ནས་ཚེས་ ༣༡ བར་ནད་པ་ག་ཚོད་བསྟེན་གཏུགས་ཆེད་སླེབས་ཡོད་དམ།
ལན། ཕྱི་ཚེས་ ༣༡ ཉིན་བར་ནད་པ་ཁྱོན་གྲངས་ ༡༣༧༡ སླེབས་འདུག ཅེས་གསུངས།།