༢༠༡༧ ཟླ་ ༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་རྗེས་བཀའ་སློབ་སྩལ་དོན།
ཁ་སྔོན་ནས་འདིར་ཡོང་རོགས་གསུང་པ
བཤད་གྲྭ་སྤུས་དག་ཤོས་དང་རྒྱ་ཆེ་ཤོས་ཤིག་པད་ནོར་རིན་པོ་ཆེའི་ཐུགས་སྐྱེས་སྨོན་ལམ་གྱི་ཐོག་ནས་ཨུ་ཚུགས་སྐྱོན་ནས་བཙུགས་བཞག་པ་དེ་རྣམ་གྲོལ་གླིང་ཆགས་འདུག སྔ་མོ་ཡིན་ན་ས་སྐྱར་ཚད་མའི་གཞུང་ཧ་ཅང་དར་སྲོལ་ཡོད། བར་ལམ་ནས་རྦད་དེ་ཉམས་ཟིན། ད་ལྟ་ས་སྐྱའི་མཐོ་སློབ་གཅིག་ཡོད། ཡག་ཐག་ཆོད་རེད། གཞན་དེ་འདྲ་ལྟ་བུ་རེད། ད་ཆ་རྣམ་གྲོལ་གླིང་དྲག་ཤོས་རེད་འདུག ས་ཆའི་ཆགས་ས་དེ་ཡང་བྱེས་ཀྱི་སེ་ར་ཐེག་ཆེན་གླིང་ཉེ་འགྲམ་དུ་ཡོད་སྟབས་དུས་དུས་སུ་ཕན་ཚུན་འབྲེལ་བ་ཡོང་བཞིན་ཡོད་ལ་དམ་བཅའ་ཆེན་པོ་དེ་འདྲ་ཚུགས་སྐབས་མཁས་པ་དེ་འདྲ་ཕར་ཚུར་ཕེབས་ནས་རྒྱུད་ཡོད་ལྟ་བུ་ཆགས་ནས་དགེ་མཚན་ཧ་ཅང་འདུག ཁ་སང་ངོས་རང་ལ་དྭགས་སུ་ཡོད་སྐབས་བཙུན་མའི་དགོན་པ་གཅིག་ནང་ཕྱིན་ནས་བཙུན་མ་འགའ་ཤས་ཐུག་པ་རེད། དེའི་ནང་ནས་བཙུན་མ་གཅིག་གིས་རྣམ་གྲོལ་གླིང་ནས་དཔེ་ཆ་བལྟས་པ་ཡིན་བརྗོད་ཀྱི་འདུག ཧ་ཅང་ཡག་པོ་འདུག ངོས་ནས་ཀྱང་ཧ་ཅང་བསྔགས་བརྗོད་བྱས་པ་ཡིན། གཞུང་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ད་ཕན་ཡག་ཐག་ཆོད་ཡོད། ད་དུང་ཡིན་ནའང་པད་ནོར་རིན་པོ་ཆེ་ཞིང་གཤེགས་དེས་དགོངས་པ་བཞེས་པ་ལྟར་མུ་མཐུད་ནས་དགོངས་པ་ནང་བཞིན་བསྒྲུབ་ཐུབ་པ་ཞིག་ཡོང་བ་བྱེད་དགོས།
ད་ཕན་ཧུར་ཐག་གནང་འདུག ད་དུང་ཡིན་ནའང་ཧུར་ཐག་གནང་རོགས། མདོར་བསྡུས་ན། མཁས་མཆོག་དབྱིགས་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱས་པ་སྨྲ་བྱས་པ། །བསྒྲུབ་པ་བྱེད་པ་ཁོ་ན་ཡིན། ཞེས་ཁོ་ནའི་སྒྲ་འདི་ངེས་པར་དུ་ཡོད་དགོས་པ་དེ་སྟོན་ཆེད་མི་ལྡན་རྣམ་དཔྱོད་བརྩི་བཞིན་ཡོད། དེ་མ་གཏོགས་གཞན་མེད། ཅེས་པ་སྟོན་ཆེད་གཞན་ལྡན་རྣམ་དཔྱོད་བརྩི་བཞིན་ཡོད། དེར་བརྟེན་འདིར་ཁོ་ནའི་སྒྲ་དེས་གཞན་ལྡན་རྣམ་དཔྱོད་རེད། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འདི་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་འདི་བཤད་པ་དང་བསྒྲུབ་པ་ཁོ་ནས་རེད་མ་གཏོགས་དེ་ལས་གཞན་ཞིག་མེད། ལུང་སྡེ་སྣོད་གསུམ་གྱི་ཆེད་གཉེར་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱ་རྒྱུ་འདི་ཁོ་ན་མ་གཏོགས་གཞན་སངས་རྒྱས་ཀྱི་བསྟན་པ་འཛིན་སྟངས་མེད། ང་ཚོ་བོད་ལ་ལྷ་ཁང་བཞེངས་རྒྱུ་ལྟ་བུ་སོགས་ཧ་ཅང་རྒྱས་སྤྲོས་དེང་དང་འདོད་ཧ་ཅང་བྱེད་སྲོལ་ཡོད། རྒྱ་གར་ནང་དུའང་ང་ཚོར་ལྷ་ཁང་སོགས་རྫིག་ཐག་ཆོད་དང་རྒྱས་སྤྲོས་ཧ་ཅང་ཡོད། ལྷ་ཁང་ནང་གི་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་དེ་མཛུབ་པོ་འཛུགས་ས་ཡོད་པའི་སྤུས་དག་པོ་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འདི་ཁྱེད་རང་ཚོའི་དགོངས་པར་ཆོངས། ད་ལྟ་ནང་བཞིན་ཧུར་ཐག་གནང་རོགས། གཞུང་ཆེན་དེ་དག་སྦྱངས་ནས་དཔེར་ན། གཞུང་ཆེན་དེ་དག་ནང་ནས་རྩ་འཇུག་བཞི་གསུམ་བརྗོད་པ་ཡིན་ན། ཕྱོགས་མཚུངས་མངོན་པ་གོང་འོག ཅེས་བརྗོད་སྐབས་དགེ་ལུགས་ཀྱིས་གཙོས་ང་ཚོ་ཚང་མས་གཟིགས་བཞིན་པའི་པོ་ཏི་དེ་དག་གཟིགས་བཞིན་ཡོད། དེར་བརྟེན་གཞུང་གཅིག་གྱུར་ཞིག་ལྟ་སྐབས་དེས་སེམས་ཐག་ཉེས་པོ་ཆགས་ནས་གཅིག་གིས་གཅིག་ལ་བློ་སྐྱེས་སྤྲོད་ཐུབ་པ་དེ་འདྲ་ཡོང་བཞིན་ཡོད། འདི་གལ་ཆེན་པོ་འདུག སྔགས་ཀྱི་ཆོས་འཁོར་ཐོག་ནས་ཕྱིན་པ་ཡིན་ན། དཔེར་ན་དགེ་ལུགས་ནང་ཚགས་ལ་ཆ་མཚོན་ནའང་རེད། ཡང་ན་ས་སྐྱ་དང་དགེ་ལུགས་ལ་མཚོན་ནའང་རེད། ས་སྐྱར་མཚོན་ན་སྐྱེ་རྡོར་དང་། དེ་དང་འབྲེལ་བའི་ལམ་འབྲས་སོགས་ཡོད། རྫོགས་ཆེན་ལ་མཚོན་ནའང་སྒྲུབ་པ་བཀའ་བརྒྱད་ཀྱིས་མཚོན་བརྒྱུད་སྡེའི་སྐོར་དེ་དག་དང་ཐེག་པ་རིམ་པ་དགུ་གསུང་བཞིན་ཡོད་སྟབས་ཧ་ཅང་རྒྱ་ཆེན་པོ་ཆགས་བཞིན་ཡོད། དེ་དག་ཞིབ་ཚགས་པོའི་ཐོག་ནས་སློབ་སྦྱོང་ཡོད་པ་ཞིག་བྱུང་བ་ཡིན་ན་འགྲིག་ཀྱང་། དེ་ལྟར་མེད་ན་ཏོག་ཙམ་ཁག་པོ་རེད། ཀུན་བྱུང་བདེན་པའི་ཐེག་པ། ཞེས་ཉན་ཐོས་རང་རྒྱལ་བྱང་སེམས་སྐོར་དེ་དག་ཡག་པོ་ཞིག་ཤེས་པར་ཕར་ཕྱིན་ཤེས་དགོས། མངོན་རྟོགས་རྒྱན་དང་འགྲེལ་བ་དོན་གསལ་ཤེས་དགོས་པ་རེད། ཕྱོགས་མཚུངས་དབུ་མ་འཇུག་པ་རྩ་བ་ཤེས་རབ། དབུ་མ་བཞི་བརྒྱ་པ་སོགས་ཤེས་དགོས་པ་ཆགས་ཡོད། གཞུང་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་བྱུང་ན། ངོས་ཀྱིས་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཤོད་བཞིན་ཡོད། བོད་དུ་གཉེན་མགོན་གསུང་རབ་པ། ཞེས་ཧ་ཅང་མཁས་པ་ཆེན་པོ་ཞིག་བྱུང་ཡོད། ཁོང་དགོན་པའི་ཁུངས་བྱས་ན་དགེ་ལུགས་རེད། རིས་མེད་གནང་མཁན་ཞིག་ཡིན། བསམ་གྱིས་མི་ཁྱབ་པ་རེད། ཁོང་གིས་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན། ཞེས་གསུང་བཞིན་ཡོད། གཞུང་ཆེན་པོ་དེ་དག་ས་དགེ་བཀའ་རྙིང་ཚང་མས་གཟིགས་བཞིན་ཡོད། དེར་བརྟེན་བསྟན་པ་སྤྱི་བཙན་ཡིན། སྔགས་ཀྱི་སྐོར་དེ་དག་གང་ཟག་སྒོས་བཙན་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།