༢༠༡༧ ཟླ་ ༡ ཚེས་ ༡༤རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་གྲུབ་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ད་ལྟ་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་སྙིང་བསྡུས་ཤིག་གི་ནང་མ་འོངས་བྱེད་ཕྱོགས་སྐོར་གསུང་བཤད་དེར་ཉན་དུས་བྷི་ཧཱར་མངའ་སྡེའི་སྣེ་ཁྲིད་ནས་རྒྱ་གར་ནང་སངས་རྒྱས་ཀྱི་ཆོས་ཚུལ་ཡར་རྒྱས་འགྲོ་རྒྱུའི་མཚན་མ་ཞིག་གང་སར་ཡོང་བཞིན་འདུག དེར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་གིས་ངོས་ལ་མ་འོངས་པར་སླར་ཡང་དུས་འཁོར་དབང་ཆེན་བྱེད་རོགས་ཞེས་གསུངས་པ་རེད། ངོས་ཀྱིས་ཁྱེད་རང་ལ་ཞུ་རྒྱུ་ཞིག་ལ་དུས་འཁོར་དབང་ཆེན་མ་བྱེད་གོང་། སྔོན་ལ་ཆམ་པ་མ་ན་བའི་འགན་ལེན་དེ་ཁྱེད་རང་གིས་གནང་དགོས་རེད་ཅེས་ཞལ་ཤོབ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན། བཅོམ་ལྡན་འདས་བྱོན་ནས་ལོ་ཉིས་སྟོང་དྲུག་བརྒྱ་བདུན་བརྒྱ་ཙམ་འགྲོ་བཞིན་ཡོད།
གང་ལྟར་བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པའི་བསླབ་བྱ་ནི་སངས་རྒྱས་པའི་ཆོས་ལུགས་ཀྱི་སྙིང་པོ་དེ་རེད། འདི་ལྟ་བུའི་བསླབ་བྱ་ནི་དེང་སྐབས་འཛམ་གླིང་དང་འབྲེལ་བ་དང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། ཁྱད་པར་གཅིག་ནི་སངས་རྒྱས་པའི་ཆོས་བརྒྱུད་སྤྱི་དང་ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཚད་མ་རིག་པའི་རྣམ་གཞག་གི་ཐོག་ནས་བསྒྲུབ་རྒྱུ་གལ་ཆེན་པོ་རྩི་བཞིན་ཡོད། སངས་རྒྱས་ཁོང་གི་བཀའ་ཡང་རིགས་པས་བསྒྲུབས་ནས་ཡོང་དུས་ཕྲན་བུ་མ་བདེ་བ་ཡོད་ན་སངས་རྒྱས་ཀྱི་བཀའ་ཡིན་ནའང་ང་ཚོས་བརྩིས་ཀྱི་མེད།
བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་ཡར་རྒྱས་གཏོང་རྒྱུ་ནི་ཆོས་ལུགས་ཚང་མའི་ནང་ཡོད། དེས་མིར་ཕན་གྱི་ཡོད། སངས་རྒྱས་པའི་ཆོས་ཀྱིས་དེ་དག་ལུང་ཙམ་ལ་བརྟེན་ནས་བྱས་པ་མིན་པར་རྒྱུ་མཚན་བཀོད་ནས་རིགས་པ་ཡང་དག་གི་ཐོག་ནས་བསྒྲུབ་རྒྱུ་ཞིག་ཡོད། དེར་བརྟེན་དུས་རབས་ ༢༡ ནང་ཚན་རིག་པ་བློ་གཟུ་བོར་གནས་མཁན་དེ་འདྲ་ཐེ་བའི་དམིགས་བསལ་ཆོས་ལ་དོ་སྣང་མེད་མཁན་མང་པོ་ཞིག་གིས། སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་དེར་དམིགས་བསལ་གྱི་དོ་སྣང་གནང་བཞིན་ཡོད། ང་ཚོ་སངས་རྒྱས་པའི་ཆོས་པ་ཚོས་དཔལ་ནཱ་ལེནྡྲའི་ལྟ་གྲུབ་དེ་དག་ལ་སྦྱངས་ནས་སོ་སོར་ཕན་ཐོགས་ཁ་ཡོད་ལག་ཡོད་བྱུང་བ་དེ་དོ་སྣང་ཡོད་མཁན་ཚོར་ཞབས་འདེགས་བསྒྲུབ་རྒྱུ་ནི་འོས་པ་ཞིག་རེད། ཁྱེད་རང་གིས་ད་ལྟ་པ་ཊི་ནར་ནང་པའི་ལྷ་ཁང་དང་། དཔེ་མཛོད། སྒོམ་ཁང་སོགས་རྒྱག་རྒྱུ་ཡིན་སྐོར་ཁ་སང་གསུངས་པ་ལྟར། སློབ་གཉེར་ཁང་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་ནཱ་ལེནྡྲའི་སློབ་གྲྭའི་ནང་དུ་ནང་ཆོས་སྟབས་བདེ་ངོ་སྤྲོད་བྱེད་རྒྱུ་ལྟ་བུ་བྱས་ན་ནཱ་ལེནྡྲའི་ཁྱད་ཆོས་ཚང་གི་མེད།
ངོས་ཀྱིས་ནམ་རྒྱུན་རྟག་ཏུ་འདི་ལྟར་ཟེར་གྱི་ཡོད། ང་ཚོ་བོད་པའི་ཡི་གེའི་ཐོག་བཀའ་འགྱུར་པུ་ཏི་བརྒྱ་དང་བསྟན་འགྱུར་པུ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་དག་སློབ་དེབ་ཀྱི་འདུ་ཤེས་བཞག་སྟེ་སློབ་སྦྱོང་བྱེད་དགོས་པ་ཞིག་ཆགས་ཡོད། ནཱ་ལེནྡྲ་ཉམས་གསོ་དང་འབྲེལ་ནཱ་ལེནྡྲའི་མཁས་པའི་དབང་པོ་པཎ་གྲུབ་བཅུ་བདུན་ཀྱིས་མཛད་པའི་དཔེ་ཆ་དེ་དག་ལ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱེད་སྟངས་དེ་ཡང་དེ་སྔ་བོད་པ་ཚོས་ནང་པའི་དཔེ་ཆ་རྐྱང་པ་བཀླགས་ཏེ་འགྲོ་བ་ལྟར་མིན་པར། ང་ཚོས་ལྟ་གྲུབ་མི་འདྲ་བ་ཚང་མ་གོ་བསྡུར་བྱས་ཏེ་བགྲོ་གླེང་བྱེད་རྒྱུ་བྱུང་ན། དེ་ནི་ཆོས་ཀྱི་སྐད་ཆ་ཙམ་མིན་པར་ཤེས་ཡོན་ཆགས་ཀྱི་ཡོད། ལྷ་ཁང་ཡོད་པ་ཙམ་གྱི་ཕན་ཐོགས་མེད།
གལ་ཆེ་ཤོས་སེམས་རྒྱུད་དུལ་ན་ལྷ་ཁང་དེ་རེད། སེམས་ཞི་བདེ་བྱུང་ན་དེ་ལྷ་ཁང་ཆགས་ཡོད། དེ་ནི་སྨོན་ལམ་བརྒྱབ་ནས་ཡོང་ཐུབ་རྒྱུ་མེད། གང་ལྟར་སེམས་ཀྱི་ཞི་བདེ་དཀྲུག་མཁན་གང་ཡིན་པ་དེ་ངོས་འཛིན་ཐུབ་པའི་ཐོག་ནས་དེའི་རྒྱུ་ཤུགས་ཆུང་དུ་གཏོང་ཐབས་བྱེད་དགོས། སེམས་ཀྱི་ཞི་བདེ་ནི་བསམ་བློའི་འགྲོ་སྟངས་ཀྱི་ཐོག་ནས་ཡོང་རྒྱུ་ཞིག་ཆགས་ཡོད། ཁྱེད་རང་གི་བྷི་ཧཱར་མངའ་སྡེ་འདིའི་ནང་རྐང་གནང་ཐུབ་རྒྱུའི་རེ་བ་འདུག སྔོན་དུས་ཀྱི་དཔལ་ནཱ་ལེནྡྲའི་མཁས་དབང་མང་ཆེ་བ་རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པ་རེད། དུས་རབས་ ༢༡ པའི་ནང་གི་ནཱལེནྡྲའི་ལྟ་གྲུབ་སྤེལ་མཁན་དེ་བྷི་ཧཱ་རིས་བྱེད་ཐུབ་པ་ཞིག་ཡོང་རྒྱུའི་འཆར་གཞི་དང་རེ་འདུན་དེ་འདྲའི་ཐོག་ནས་འགྲོ་དགོས་པ་ཞིག་རེད་འདུག
དེའི་ཐོག་ངོས་རང་ཐེ་པའི་ང་ཚོ་བོད་པ་ཚོས་ཞབས་འདེགས་གང་འདྲ་བསྒྲུབ་དགོས་ཡོད་ནའང་བསྒྲུབ་རྒྱུ་ང་ཚོའི་ལས་འགན་རེད། ངོས་ཀྱིས་ནམ་རྒྱུན་རྒྱ་གར་གྲོགས་པོ་ཚོར་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ཁྱེད་རང་ཚོ་ང་ཚོའི་དགེ་རྒན་རེད། ང་ཚོ་དགེ་ཕྲུག་རེད་ཅེས་བརྗོད་བཞིན་ཡོད། དེར་བརྟེན་ང་ཚོ་བོད་དང་རྒྱ་གར་དབར་གྱི་འབྲེལ་བ་དེ་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཆགས་ཡོད།
བར་སྐབས་དགེ་རྒན་གྱི་ལུང་པའི་ནང་དེ་དག་ཉམས་ཆག་ཕྱིན་ཏེ། ང་ཚོ་དགེ་ཕྲུག་ཚོས་ལོ་སྟོང་ཕྲག་རིང་ནས་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ང་ཚོས་ཧུར་ཐག་འབད་ཐག་བྱས་ཏེ་བདག་ཉར་བྱས་ཡོད། དེར་བརྟེན་དེང་སྐབས་ང་ཚོ་དགེ་ཕྲུག་ཚོས་དགེ་རྒན་ཚོའི་མདུན་དུ་ཕྲན་བུ་ཀྲོག་ཀྲོག་བྱེད་རྒྱུའི་དུས་ཚོད་ལ་སླེབས་ཡོད།
ང་ཚོ་ཉིན་མ་བསྟུད་ནས་སྐད་ཆ་བཤད་པ་དེ་དག་གོང་དུ་སྲིད་སྐྱོང་མཆོག་གིས་གསུངས་པ་དེ་རེད། ངོས་ཀྱིས་བརྗོད་པ་དེ་ལ་ཚུར་བཀའ་དྲིན་རྗེས་དྲན་གྱི་གཏང་རག་ལྟ་བུ་བྱེད་རྒྱུ་ནི། ལག་ལེན་འགེལ་དགོས། དེར་བརྟེན་ཁྱེད་རང་ཚོར་ཁ་སེང་ནས་ཞུས་ཟིན་པ་དེ་རེད། སེམས་དུལ་ཐབས་བྱེད་དགོས། སེམས་དུལ་ཐབས་བྱེད་རྒྱུ་ནི་ཐབས་ཀྱི་ཆ་ནས་སེམས་དུལ་ཐབས་བྱ་རྒྱུ་ཞིག་དང་། སྟོང་ཉིད་ལྟ་བའི་ཐོག་ནས་ཤེས་རབ་གྱིས་སེམས་དུལ་ཐབས་བྱེད་རྒྱུ་བཅས་དེ་གཉིས་པོ་ནི་ཁྱེད་རང་ཚོ་དུས་འཁོར་དབང་ཆེན་དུ་དངོས་སུ་ཡོད་པ་དང་ས་ཁད་འགྱངས་པས་ཡུལ་གྲུ་ཁག་ནས་ཉན་བཞིན་པ་ཚོས་ཐབས་དང་ཤེས་རབ་ངོ་བོ་གཉིས་ཀྱི་ཐོག་ནས་སེམས་འདུལ་ཐབས་བྱེད་རྒྱུ་ནི་ཚང་མས་དོ་སྣང་བྱེད་རོགས་ཟེར་རྒྱུ་ཡིན། མཁྱེན་སོང་ངམ། གང་ལྟར་དེ་རིང་ནས་བཟུང་ཁྱེད་རང་ཚོ་དེ་དག་ཕྱོགས་དང་མཚམས་སུ་སོ་སོའི་རང་གནས་སུ་འཁོད་ཀྱི་རེད། ལུས་པ་ནི་ཁ་སྔོན་ཚུར་ཡོང་དུས་དང་གཅིག་པ་རེད། གཅིག་བྱས་ན་རྡོ་རྗེ་གདན་གྱི་ཐལ་བ་དང་ཉི་མས་གདོང་ནག་ཏུ་ཕྱིན་ཡོད་ངེས་རེད། འོན་ཀྱང་ཉིན་ཤས་རིང་ནང་ཆོས་འབྲེལ་བཤད་བརྒྱབ་ནས་སོ་སོའི་སེམས་ལ་གང་ཙམ་ཟུག་རྒྱུ་ཕལ་ཆེར་ཏན་ཏན་བྱུང་ཡོད། དེ་རིང་རྡོ་རྗེ་གདན་ནས་སོ་སོའི་གནས་སུ་ཕར་ལོག་འགྲོ་དུས་བསམ་བློ་དེ་སྔོན་མ་དང་ཕྲན་བུ་མི་འདྲ་བ་ཞིག་དགོས། བསམ་བློ་ཕྲན་བུ་མི་འདྲ་བ་ཟེར་དུས་སོ་སོ་རྩ་ཆེན་པོ་བྱེད་རྒྱུའི་སྐད་ཆ་གང་ཡང་མ་རེད། སོ་སོ་སྐྱིད་པ་ཡོང་རྒྱུ་ཞིག་དང་མི་ཚེ་རིང་བ། ལུས་བདེ་བ། སོ་སོའི་རོགས་པ་དེ་དག་གིས་མི་གཅིག་གིས་མི་བཅུ། མི་བཅུས་མི་བརྒྱ། མི་བརྒྱས་མི་སྟོང་བཅས་དེ་ལྟར་ཕན་ཐོགས་བྱ་ཐུབ་རྒྱུ་བྱུང་བ་ཡིན་ན། ཡག་པོ་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། །