༢༠༡༧ ཟླ་ ༡ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༨ ཉིན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་ནུབ་བྷེང་གཱལ་མངའ་སྡེའི་རྒྱལ་ས་ཀ་ལི་ཀ་ཏར་ Kolkata རྟེན་གཞི་བྱས་པའི་རྒྱ་གར་རིག་གཞུང་སྲུང་སྐྱོབ་བསྟི་གནས་ཁང་ Indian Council For Cultural Realations ཞེས་པ་དེར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་འཕགས་བོད་གཉིས་ལོ་རྒྱུས་ཐོག་ནས་བླ་སློབ་ཀྱི་འབྲེལ་བ་བྱུང་ཚུལ་སྐོར་གསུང་བཤད་གནང་འདུག དེ་ཡང་གསུང་བཤད་ཀྱི་བརྗོད་གཞི་གཙོ་བོ་ནི། ཧི་མཱ་ལ་ཡའི་རི་རྒྱུད་དང་བྷེང་གཱལ་གྱི་མཚོ་མཐའ་བརྒལ་བའི་རྒྱ་གར། ‘India Beyond the Himalayas and the Bay of Bengal’ ཞེས་པ་ཡིན་ཅིང་།
སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཁྱེད་རྣམ་པ་ཚང་མར་ངས་ཧི་མཱ་ཅལ་མངའ་སྡེའི་ནང་ཆགས་པའི་རྡ་རམ་ས་ལ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་སེམས་ཁོལ་བའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན། ས་གནས་འདིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་གལ་ཆེན་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བར་ངས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡོངས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན། ལྷན་ཚོགས་ཀྱི་བརྗོད་གཞི། ཧི་མཱ་ལ་ཡའི་རི་རྒྱུད་དང་བྷེང་གཱལ་གྱི་མཚོ་མཐའ་བརྒལ་བའི་རྒྱ་གར། ཞེས་པ་འདི་ཡང་དགོངས་པ་གཏིང་ཟབ་བཞེས་པའི་ཐོག་ནས་དེང་དུས་ཀྱི་གནས་སྟངས་དང་ཧ་ཅང་འོས་འཚམས་ལྡན་པ་ཞིག་རེད། རྒྱ་གར་ནི་རིག་གཞུང་དང་ཆོས་ཕྱོགས། དཔལ་འབྱོར། ཚན་རིག་དང་འཕྲུལ་རིག་འཛུགས་སྐྲུན། ཤེས་ཡོན་སློབ་གསོ་དང་ཆབ་སྲིད་གང་གི་ཆ་ནས་དེ་སྔ་ཡང་སྣེ་ཁྲིད་མཁན་ཞིག་དང་རིག་པའི་འབྱུང་གནས་ཤིག་ཡིན་པ་མ་ཟད། ད་སྐབས་དང་འབྱུང་འགྱུར་ཡང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ས་གཙོ་བོ་ཞིག་གནས་རྒྱུ་ཡིན།
དེ་རིང་ངས་འདིར་གཙོ་བོ་རིག་གཞུང་དང་འབྲེལ་ནས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་གཙོ་བོ་གསུམ་སྟེ། དང་པོ་འགྲོ་བ་མིའི་ནང་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་རྒྱུ་དང་། གཉིས་པ། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་མཛད་རྒྱུ། གསུམ་པ། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུ་བཅས་ཡིན་ཞིང་། དེ་རིང་དུས་ཚོད་ཀྱི་རྐྱེན་པས་གསུམ་པ་དེའི་སྐོར་ལ་མདོར་ཙམ་ཞུ་རྒྱུ་ཡིན།
དུས་རབས་ ༢ ནས་ ༡༡ བར་དར་འཕེལ་བྱུང་བ་དཔལ་ནཱ་ལེནྡྲ་གཙུག་ལག་ཁང་ནི་ལོ་རྒྱུས་ཁྲོད་ནང་ཆོས་སློབ་གཉེར་གནང་ཡུལ་གཙུག་ལག་སློབ་ཁང་ཆེ་ཤོས་སུ་གྲགས་ཡོད།
དཔལ་ནཱ་ལེནྡྲ་ནས་བོད་དུ་ལོ་པཎ་དུ་མ་གདན་དྲངས་པར་བརྟེན་བོད་ལ་རིམ་བཞིན་སངས་རྒྱས་ཀྱི་བཀའ་བསྟན་རྣམས་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་ནས་བོད་དུའང་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་ཅིང་ཆ་ལག་ཚང་བ་ཞིག་དར་སྤེལ་བྱུང་ཐུབ་ཡོད།
གོ་སྒྲིག་ཚོགས་ཆུང་ངོས་ནས་ཀྱང་ངར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཛད་རྗེས་སྐོར་ལ་སྐད་ཆ་ཤོད་དགོས་པའི་དགོངས་འཆར་གནང་བ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་ཕྱི་ལོ་ ༩༨༢ ལོར་བྷེང་གཱལ་གྱི་ཡུལ་དུ་ཟ་ཧོར་རྒྱལ་སྲས་སུ་སྐུ་འཁྲུངས་ནས་མཐར་ཕྱི་ལོ་ ༡༠༥༤ ལོར་བོད་ནང་དགོངས་པ་རྫོགས་ཡོད། དེ་ཡང་ཁོང་གིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་རྒྱ་ཆེ་མཛད་ཅིང་། བོད་དུ་དུས་རབས་ ༨ ནས་དུས་རབས་ ༡༡ བར་རྒྱ་གར་ནས་དར་འཕེལ་བྱུང་བའི་སངས་རྒྱས་ཀྱི་ཆོས་དེ་ཧ་ཅང་སྤུས་དག་པོ་ཞིག་དང་ཆ་ལག་ཚང་བ་ཞིག་ཡིན་པ་ངར་ཡིད་ཆེས་བརྟན་པོ་ཡོད། དེ་ནི་གཙོ་བོ་རྒྱ་གར་དང་། བོད་ཀྱི་ལོ་པཎ་རྣམས་དང་། དེ་བཞིན་ཆོས་རྒྱལ་ཚོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་རྒྱ་གར་ལ་མཚོན་ན་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས། ཨཱཅཱརྱ་ཝི་མ་ལ་མིཏྲ། ཨཱཅཱརྱ་ཀམལ་ཤཱི་ལ། ཨཱཅཱརྱ་ཇི་ན་མི་ཏྲ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་དུ་མ་ཞིག་བོད་དུ་བྱོན་པ་སོགས་ཀྱི་དྲིན་ལས་བསྟན་པ་ས་དར་རྡོ་དར་བྱུང་ཐུབ་ཡོད།
དེའི་ཁོངས་ནས་བོད་དུ་བྱོན་མཁན་མཐའ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན། དེ་ཡང་ཁོང་དང་ཁོང་གི་ལོ་རྩ་བ་རྣམས་བོད་དུ་གདན་འདྲེན་ཞུ་སྐབས་ས་ཁྱད་རྒྱང་ཆེ་ཞིང་འགྲུལ་ལམ་ཧ་ཅང་དཀའ་ཚེགས་ཆེ་བར་བརྟེན་རྒྱ་གར་ནས་བོད་མངའ་རིས་པུ་ཧྲེང་ཕྱོགས་སུ་ཕེབས་རྒྱུར་ལོ་གཉིས་འགོར་ཡོད། ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལ་གཞི་བཅོལ་སྐབས་ཁོང་བལ་ཡུལ་བརྒྱུད་ནས་ཕྱི་ལོ་ ༡༠༣༨ ལོར་བོད་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་རྒྱུའི་རྣམ་ཐར་ནི་བོད་མིའི་སྤྱི་ཚོགས་ཁྲོད་ཧ་ཅང་གྲགས་ཆེན་པོ་ཆགས་ཡོད།
མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུས་རྗེས་རང་གི་ཁུ་བོ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུ་ཆེད་རང་ཉིད་མཐར་བཙོན་ཁང་དུ་སྐུ་གྲོངས་དགོས་པའི་ལོ་རྒྱུས་རྣམས་ཞིབ་ཕྲ་ཞུས་ནས་བོད་མི་རྣམས་ལ་ནང་ཆོས་གོ་བདེ་ལ་གཏིང་ཟབ་པོ་ཞིག་གསུང་རོགས། ཞེས་གསོལ་འདེབས་ཞུས་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་སྒྲོན་གསུངས།
ལོ་རྒྱུས་ཀྱི་བྱུང་བ་འདི་ནི་དེ་རིང་གི་བརྗོད་གཞི། ཧི་མཱ་ལ་ཡི་རི་རྒྱུད་དང་བྷེང་གཱལ་གྱི་མཚོ་མཐའ་བརྒལ་བའི་རྒྱ་གར་གྱི་རིག་གཞུང་། ཞེས་པ་དང་ཐད་ཀར་འབྲེལ་བ་ཡོད། གང་ཡིན་བརྗོད་ན། ལོ་ངོ་སྟོང་ཕྲག་རིང་ནས་རྒྱ་གར་གྱི་རིག་གནས་དེ་དག་འཛམ་གླིང་ཡུལ་གྲུ་གང་སར་དར་སྤེལ་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།