༢༠༡༦ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀེན་བྷེ་རའི་ Canberra ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། ༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༧ འཁོར་བའི་དུས་དྲན་བཅས་དུས་ཆེན་གཉིས་འཛོམས་ཀྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་ཁོང་རྣམས་ཀྱིས་ཐོག་མར་རྒྱལ་སའི་དབུས་སུ་ཆགས་པའི་ Lake Burley Griffin ཞེས་པའི་མཚོའི་སྟེང་གི་ལྕགས་ཟམ་སྟེང། ལག་ཏུ་བོད་ནང་སྨྲ་བརྗོད་དང་ཆོས་དད་རང་དབང་དགོས་པ་དང་། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་འཕྲེད་དར་དང་སྦྱར་པང་སོགས་ཐོགས་ནས་རྒྱང་ཐག་སྤྱི་ལེ་ ༥ ཙམ་གོམ་བགྲོད་གནང་འདུག
ཁུལ་དེར་ཡོད་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ Amnesty ལྕམ་སྐུ་སེ་ཏ་ན་ད་སི་ Cetana Das ལགས་ཀྱིས། དེ་སྔ་ཁོང་མོ་བོད་ནང་ཨོ་སི་ཊོ་ལི་ཡའི་གཞོན་ནུའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བསྐྱོད་སྐབས་མྱོང་ཚོར་ཇི་བྱུང་ངོ་སྤྲོད་གནང་བ་མ་ཟད། ཞི་བདེ་ལྷིང་འཇགས་ལྡན་པའི་བོད་དེ་ཨོ་རྒྱ་ཡུལ་གཉིས་ཀྱི་འབྲེལ་ལམ་ཐོག་གལ་གནད་ཇི་ཙམ་ཆགས་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གྱི་དགེ་བཙུན་རྣམས་ཀྱི་གྲྭ་ཤག་ ༡༥༠༠ གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་ ༤༦༠༠ ཙམ་བསྟི་གནས་ཁང་ནས་ཕྱིར་འབུད་བཏང་བའི་གནད་དོན་གཙོ་འདོན་གནང་འདུག
ཐེངས་འདིར་ཀེན་བྷེ་ར་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་རྒྱལ་སྤྱིའི་ཁྱོན་དུ་གོ་རྟོགས་སྤེལ་བཞིན་པ་དེ་ནི། འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་མི་རེ་ངོ་རེས་འགན་ཁུར་ལེན་དགོས། ཞེས་པའི་འབོད་སྐུལ་གསལ་བསྒྲགས་སྔོན་སོང་ལྟར་ལས་འགུལ་སྤེལ་བ་ཞིག་ཡིན་འདུག
དེ་ཡང་ཁོང་རྣམ་པས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་སྤྱི་དང་། ལྷག་པར་ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐུ་ཞབས་ Malcom Turnbull མཆོག་དང་། ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་ Julie Bishop མཆོག་ལ་གསེར་རྟ་བླ་རུང་སྒར་ཛ་དྲག་སྲུང་སྐྱོབ་དགོས་པའི་ཞུ་ཡིག་གཅིག་ཕུལ་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བན་ཀི་མུན་ Ban Ki-moon མཆོག་དང་། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་པི་རིན་སི་ཛ་ཡིད་ Prince Zeid Ra’ad མཆོག་བཅས་ལའང་ཞུ་ཡིག་རེ་ཕུལ་བ་བརྒྱུད། ཁོང་རྣམ་པས་གང་མྱུར་གསེར་རྟ་བླ་རུང་སྒར་དུ་ཕེབས་ནས་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་སང་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་ནང་འཇོག་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག
ཕྱོགས་མཚུངས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག དེ་ཡང་མཛད་སྒོའི་ཐོག་མར་གསེར་རྟ་བླ་རུང་སྒར་དང་ཉེ་ཆར་རང་ལུས་མེར་སྲེག་གནང་མཁན་བཀྲ་ཤིས་རབ་བརྟན་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། སྐབས་དེར་ཨི་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་ཐག་གཅོད་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་ཞུས་པ་དང་སྦྲགས་དེར་འདུས་མང་ཚོགས་རྣམས་ལ་གསེར་རྟ་བླ་རུང་སྒར་གྱི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་མང་ཙམ་སྤེལ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག །