༢༠༡༦ ཟླ་ ༡༢ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷིར་ནར་ Jim Sensenbrenner མཆོག་གིས་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་སྐུ་ཞབས་ཌོ་ནལ་ཊམ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་བ་བརྒྱུད། སྲིད་འཛིན་མཆོག་ནས་འཛིན་སྐྱོང་གི་ཐུགས་འགན་བཞེས་མུས་མཚམས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ནས་ཨ་རི་དང་བོད་དབར་གྱི་ལོ་རྒྱུས་ཐོག་འབྲེལ་བ་དམ་ཟབ་ཡོད་པ་དེ་རྒྱུན་སྐྱོང་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་ཞུ་སྙན་དེའི་ནང་འཁོད་དོན། ཐེངས་སྐབས་སྐུ་ནཱིད་མཆོག་ནས་སྲིད་འཛིན་གསར་པའི་ཐུགས་འགན་བཞེས་མུས་མཚམས་འདིར། འཛམ་གླིང་དབུ་ཁྲིད་འདྲ་མིན་དང་མཇལ་འཕྲད་གནང་བཞིན་ཡོད་སྟབས། གོ་སྐབས་འདི་བཟུང་ནས་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཡང་མཇལ་འཕྲད་གནང་རོགས། ཞེས་ཞུ་རྒྱུ་ཡིན། བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་མི་ཉམ་རྒྱུན་འཛིན་དང་ཉམ་པ་སླར་གསོ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། འདས་པའི་ལོ་མང་རིང་ནས་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲོད་རྒྱུར་ངོས་ལེན་མ་བྱེད་པར་བོད་མི་ཞི་རྒོལ་བ་རྣམས་ཀྱི་ཐོག་མུ་མཐུད་དྲག་གནོན་དང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད།
འདས་པའི་དུས་རབས་ཕྱེད་ཙམ་གྱི་ནང་ཨ་རིའི་ཡུལ་དང་བོད་གཞུང་། དེ་བཞིན་བོད་མིའི་དབར་འབྲེལ་བ་ཧ་ཅང་དམ་ཟབ་བྱུང་ཡོད། སྐུ་ཉིད་མཆོག་གིས་བོད་དང་ཨ་རིའི་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དེ་མུ་མཐུད་རྒྱུན་སྐྱོང་གནང་རྒྱུར་ངས་སྐུ་ཉིད་མཆོག་ལ་རེ་བཅོལ་བཞིན་ཡོད།
ཕྱིར་ཞུ་ཡིག་དེའི་འོག་ཕྱི་ཚེས་ ༦ ཉིན་འཁོད་འདུག་ཀྱང་ཕྱིར་བསྒྲགས་གནང་ཚེས་ ༨ ཡིན་འདུག
དེ་ཡང་གྲོས་ཚོགས་འཐུས་མི་ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་ཞུས་འདུག་པ་མ་ཟད། དུས་དེ་ནས་བཟུང་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པ་མ་ཟད། རྒྱ་ནག་གཞུང་ལ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་རེ་འདུན་ཤུགས་ཆེ་འདོན་བཞིན། ༸གོང་ས་མཆོག་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་ཁག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་འདུག