༢༠༡༦ ཟླ་ ༡༢ ཚེས་ ༣༡ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྷ་ཡར་རྟེན་གཞི་བྱས་པའི་ཆོས་ལུགས་འདྲ་མིན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་རའི་ནང་གྷ་ཡ་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཡོད་པའི་གྲོང་ཁྱེར་ཁག་གཅིག་གི་མཐོ་སློབ་དང་སློབ་གྲྭ་ཁག་ ༢༥ དགེ་སློབ་བཅས་ཁྱོན་མི་གྲངས་སྟོང་ཚོ་ཁ་ཤས་ལ་མི་ཚེ་བདེ་སྐྱིད་དང་ལམ་ལྷོང་ལྡན་པ་ཇི་ལྟར་སྐྱེལ་སྟངས་སྐོར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་སློབ་མ་རྣམས་ལ་དུས་རབས་ ༢༠ དེ་འདས་ཟིན་སྟབས་བཅོས་ཐབས་མེད་པ་དང་། དུས་རབས་ ༢༡ དེ་གང་འདྲ་ཞིག་བཟོ་མིན་གཞོན་སྐྱེས་ཚོར་འགན་འཁྲི་ཡོད་སྐོར་བཀའ་སློབ་སྩལ་བ་དང་སྦྲགས། སློབ་གྲྭའི་འགོ་ལས་ཡོངས་ནས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་འཇོག་རྒྱུར་དོ་སྣང་མང་ཙམ་གནང་དགོས་པའི་འབོད་སྐུལ་ཡང་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་༸གོང་ས་མཆོག་གསུང་རའི་ནང་༸ཞབས་སོར་འཁོད་སྐབས་མ་ག་དི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ མོ་ཧ་མད་ཨི་ཤི་ཡ་ཁེ་Dr. Prof. Mohammed Ishtiyaque མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས། དེ་རྗེས་ཆོས་ལུགས་འདྲ་མིན་མཐུན་ཚོགས་ཀྱི་ཚོགས་གཙོས་ཕེབས་བསུའི་གསུང་བཤད་གནང་བ་དང་འབྲེལ་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་ཞུས། དེ་ནས་མ་ག་དི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་མོ་ཧ་མད་ཨི་ཤི་ཡ་ཁེ་མཆོག་གིས་༸གོང་ས་མཆོག་ངོ་སྤྲོད་གནང་བསྟུན། ཁོང་གིས་མགོན་པོ་གང་ཉིད་མཆོག་ལ་གོས་གཟན་(Shawl) དང་ཆེ་བསྟོད་འཁོད་པའི་པར་སྒྲོམ་ཞིག་འབུལ་ལམ་ཞུས། དེ་ནས་གྷ་ཡ་མཐོ་སློབ་ཀྱི་སློབ་སྤྱིས་དེ་རིང་གི་བཀའ་སློབ་ལས་རིམ་གྱི་དགོས་དམིགས་སྐོར་གསུང་བཤད་གནང་རྗེས་ཁོང་གིས་ཀྱང་ཆེ་བསྟོད་ཀྱི་ཕྱག་རྟགས་འབུལ་ལམ་ཞུས་གྲུབ་མཚམས།
༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་གནས་མཆོག་འདི་ལྟ་བུར་ཁྱེད་རང་ཚོ་ཐུག་སྟེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་དང་ཆེ་མཐོང་ཐོབ་པ་ཞིག་བྱུང་། ངོས་ཀྱི་རྒྱུན་ལྡན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་བསམ་བཞིན་ཡོད། ང་ཚོ་ཚང་མ་འགྲོ་བ་མི་རིགས་ཐེར་འབུམ་བདུན་གྱི་ཆ་ཤས་གཅིག་ཆགས་ཡོད། སྤྱིར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་ལུས་དང་སེམས་ཚོར། བསམ་བློ་གང་གི་ཆ་ནས་གཅིག་མཚུངས་ཆགས་ཡོད། ང་ཚོས་རིམ་པ་གཉིས་པའི་ཐོག་ནས་ཕན་ཚུན་རིགས་རུས་དང་གོ་ས། ཆོས་དད་ཡོད་མེད། དེ་བཞིན་རྒྱལ་ཁབ་སོགས་ཀྱི་དབྱེ་བ་འབྱེད་བཞིན་པ་དེ་གལ་ཆེན་པོ་མིན།
ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་པར་བརྟེན་བདེ་བ་བསྒྲུབ་རྒྱུ་ཐབས་ལམ་དང་ནུས་པ་ཡང་ཡོད། ང་ཚོས་དུས་ཚོད་ཀྱི་དབྱེ་བ་འབྱེད་སྐབས་འདས་མ་འོངས་ད་ལྟ་བཅས་སུ་དཔྱེད་བཞིན་ཡོད། འདས་པའི་དུས་རབས་ནང་འཚེ་བའི་བྱ་སྤྱོད་ཇི་ཙམ་བྱུང་ཡོད་ཀྱང་དུས་ཚོད་དེ་འདས་ཟིན་སྟབས་དེར་བཅོས་ཐབས་མེད། བཅོས་རྒྱུ་ཡོད་པ་ནི་མ་འོངས་པའི་དུས་རབས་དེ་ཆགས་ཡོད་སྟབས། མ་འོངས་པ་དེ་གང་འདྲ་ཞིག་བཟོ་མིན་གཞོན་སྐྱེས་ཁྱེད་རང་ཚོར་གོ་སྐབས་དང་འགན་འཁྲི་ཡོད། སྤྱིར་བཏང་འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དགོས་རྒྱུ་གལ་ཆེན་པོ་ཡིན། ནང་སེམས་ཀྱི་ཞི་བདེ་དཀྲུག་མཁན་གཙོ་བོ་ནི་ཁོང་ཁྲོའི་བློ་དེ་ཆགས་ཡོད། ཁོང་ཁྲོའི་བློ་དེས་གཟུགས་པོའི་བདེ་ཐང་ལའང་ཧ་ཅང་གནོད་བཞིན་ཡོད་པ་ངོས་ཀྱི་གྲོགས་པོ་ཚན་རིག་པ་གྲགས་ཅན་མང་པོ་ཞིག་གིས་གསུང་བཞིན་འདུག ཅེས་དང་།
དེ་བཞིན་མགོན་པོ་གང་ཉིད་ཀྱིས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་མ་གཏོགས་ནང་སེམས་ཀྱི་རིན་ཐང་ཐོག་སློབ་གསོ་འདང་ངེས་ཞིག་ཡོང་གི་མེད་པ་དང་། ཕྱི་དངོས་པོའི་མཐུན་རྐྱེན་གྱིས་ལུས་པོར་འཕྲལ་སེལ་བདེ་བ་སྦྱིན་པ་ཙམ་ལས་ནང་སེམས་ཀྱི་ཞི་བདེ་བསྐྲུན་མི་ཐུབ། དེར་བརྟེན་ནང་སེམས་ཀྱི་བཟང་པོའི་རིན་ཐང་སྐོར་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་འཇོག་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་སྩལ་བ་དང་སྦྲགས་སློབ་གྲྭའི་འབྲེལ་ཡོད་དགེ་ལས་ཡོངས་ནས་འདིའི་ཐོག་དོ་སྣང་མང་ཙམ་གནང་དགོས་པའི་འབོད་སྐུལ་ཡང་མཛད་ཡོད། དེ་རྗེས་སློབ་ཕྲུག་རྣམས་ཀྱི་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང་ཕྲག་དོག་འགོག་ཐབས་སོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད།
སྤྱིར་བཀའ་སློབ་མཛད་རིམ་དེའི་ཐོག་ལ་མ་ག་ད་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་། གྷ་ཡ་མཐོ་སློབ་ཀྱི་སློབ་སྤྱི། གྷ་ཡ་ཆོས་ལུགས་འདྲ་མིན་མཐུན་ཚོགས་ཀྱི་ཚོགས་གཙོ། ས་གནས་རྫོང་དཔོན་སོགས་ཕེབས་ཞུགས་གནང་ཡོད།
དེ་རྗེས་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་རྗེས་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་འདུས་མང་ཡོངས་ལ་སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་གིས་སྔ་རྗེས་བར་གསུམ་དུ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་རྣམ་གྲོལ་གླིང་ཐོག་མར་གསར་འཛུགས་སྐབས་སྐུ་ལས་ཇི་ལྟར་སྐྱོན་པ་དང་། ད་ལྟའི་ཆར་སྔ་འགྱུར་མཐོ་སློབ་ཏུ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ལ་སོགས་པའི་ཤེས་གྲྭའི་ནང་བསླབ་པ་སློབ་གཉེར་གནང་སྟངས་སོགས་གང་ཅི་ཐད་ནས་རིན་པ་ཆེའི་ཧ་ཅང་སྐུ་ལས་སྐྱོན་པ་གཞིར་བཟུང་ད་ཆ་ནུས་པ་འཐོན་བཞིན་ཡོད་པ་དང་། ད་དུང་ཡང་མུ་མཐུད་རྒྱུན་སྐྱོང་དགོས་པ་སོགས་སློབ་གཉེར་ཐོག་འཐུས་ཤོར་མེད་པ་བྱེད་དགོས་པའི་བཀའ་སློབ་ཕེབས་འདུག ༸གོང་ས་མཆོག་གིས་དགོན་པའི་རྟེན་དང་བརྟེན་པ་བཅས་རབ་གནས་དབུ་འབྱེད་མཛད་པ་དང་བསྟུན། ཕུར་པ་ལྷ་ཁང་དང་སྐྱབས་རྗེ་པད་ནོར་རིན་པོ་ཆེའི་སྐུ་གདུང་ལ་རབ་གནས་མཛད་ཡོད། དགོན་པ་འདི་ནི་སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་གི་དགོངས་བཞེད་བཞིན་མཆོག་སྤྲུལ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་ནས་ཐུགས་འགན་བཞེས་ཏེ་བཞེངས་གནང་འདུག །