༢༠༡༦ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོན་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱི་རུ་ནང་པའི་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་བྱུང་བའི་བཙུན་མ་རྣམས་ལ་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་འཁྱེར་གསོལ་རས་བསྩལ་རྒྱུའི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་གདན་ཟུར་རྣམ་པ་གཉིས་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་པ་རིན་པོ་ཆེ། གདན་ས་གྲྭ་ཚང་ཁག་གི་མཁན་བླ་རྣམ་པ། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཤག་སྐབས་བཅོ་ལྔའི་ལམ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་གོ་བོ་བློ་བཟང་ཕན་བདེ་ལགས། ལྷོ་སྤྱི་གཙོས་པའི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། དགེ་བཤེས་མའི་མཚན་རྟགས་བཞེས་མཁན་རྣམས་དང་། བཙུན་མའི་འཇང་དགུན་ཆོས་སུ་ཕེབས་པའི་བཙུན་མ་མ་རྣམ་པ།
དགེ་འདུན་དམངས་དང་བཅས་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་རིག་བཀའ་བློན་གཡུ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭ་བཞི་ནས་ཤིས་བརྗོད་གསུང་འདོན་དང་ཆབས་ཅིག་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས་ཆོས་རིག་བཀའ་བློན་མཆོག་གིས་དགའ་བསུ་དང་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ཚབ་ཞུས་ཏེ་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་དགེ་བཤེས་མ་ཚོར་འགན་འཁྲི་ཆེན་པོ་ཞིག་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་རེ་བ་རྒྱག་ས་ཞིག་ཀྱང་ཆགས་ཡོད་སྐོར་གསུང་དོན། ཐེངས་འདིར་༸གོང་ས་མཆོག་དབུ་བཞུགས་ཐོག་དགེ་བཤེས་མ་ཉི་ཤུ་ཐམ་པར་ཕྱག་འཁྱེར་གནང་ཐུབ་པ་འདི་ནི་ཆོས་ཕྱོགས་དང་སྤྱི་ཚོགས་གང་གི་ཆ་ནས་ཧ་ལས་པའི་བསོད་ནམས་ཆེན་པོ་རེད། བོད་ཀྱི་ལོ་རྒྱུས་ནང་ཆ་བཞག་ན་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ལག་བསྟར་ཐུབ་པ་འདི་ནི་ལོ་རྒྱུས་ནང་བཀོད་འོས་པའི་གྲུབ་འབྲས་ཤིག་ཆགས་ཡོད།
གཞི་རྩའི་བཙུན་མ་རྣམ་པ་ཚོས་སྐུ་ལས་སྐྱོན་པའི་གྲུབ་འབྲས་ལ་བརྟེན་ནས་དགེ་བཤེས་མའི་ཕྱག་འཁྱེར་ཐོབ་ཡོད། འོན་ཀྱང་རྣམ་པ་ཚོ་དགེ་བཤེས་མ་ཐོན་མཁན་ཐོག་མ་དེ་ཆགས་ཡོད་སྟབས། སྤྱི་སྒེར་གཉིས་ཀྱི་ཐོག་ནས་ཧ་ཅང་བྱས་རྗེས་ཆེན་པོ་ཞིག་ཡིན་པ་མ་ཟད། རྣམ་པ་ཚོར་འགན་འཁྲི་ཆེ་བ་དང་སྤྱི་ཚོགས་ཀྱིས་རེ་བ་རྒྱག་ས་ཞིག་ཀྱང་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཆབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༥༩ གོང་བོད་ནང་དགེ་བཤེས་མ་ཞེས་པའི་མིང་ཙམ་ཡང་གོ་རྒྱུ་མེད་པ་དང་། དེ་ནས་ང་ཚོ་བཙན་བྱོལ་ལ་གྱར་རྗེས་མིའི་ལུང་པར་དགེ་བཤེས་མ་ཐོན་ཐུབ་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་དུས་རྟག་ཏུ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་། དེ་བཞིན་དགེ་བཤེས་མ་རྣམས་ནས་གཞུང་འཁྲིད་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ། ཕྱོགས་མཚུངས་འཇང་དགུན་ཆོས་ཆེན་མོར་བཅར་བའི་བཙུན་མ་རྣམས་ལ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས། དེ་རྗེས་དགེ་བཤེས་མའི་སླབ་པ་མཐར་སོན་བཙུན་མ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱག་འཁྱེར་གསོལ་རས་སྩལ་བ་དང་ཆོས་རིག་བཀའ་བློན་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ལེགས་སོའི་མཇལ་དར་གནང་རྗེས་དགེ་བཤེས་མ་རྣམས་༧གོང་ས་མཆོག་གི་བཞུགས་ཁྲིའི་མདུན་དུ་གྲལ་འཁོད་ཀྱིས་སྐུ་པར་བསྒྲོན་རྗེས་སྐབས་དང་པོའི་དགེ་བཤེས་མ་རྣམས་ནས་བཙུན་མའི་འདུས་སྡེ་སྤྱིའི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་བཀའ་དྲིན་གཏང་རག་མཚོན་ཕྱིར་མངོན་བསྟོད་ཀྱི་ཡིག་བྱང་འབུལ།
དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་བཙུན་མའི་ཁོངས་ནས་དགེ་བཤེས་མ་ཐོན་དང་པོའི་ལག་ཁྱེར་འབུལ་རྒྱུ་ནི་ཕལ་ཆེར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་རེད། ཅེས་བརྗོད་ཆོག དུས་ཚོད་འདིར་ཆེད་དུ་གཉེར་ནས་གདན་ཞུ་དང་འབྲེལ་ནས་ཕེབས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་ལས་ཟུར་རྣམ་པ་གཉིས། དེ་བཞིན་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཁག ཆོས་གྲོགས་ཕོ་མོ་ལྷན་རྒྱས་འདུས་པའི་དབུས་སུ་ཞུ་རྒྱུར། དང་པོ་དེར་ཁ་སང་སྐད་ཆ་བྱུང་བ་ལྟར་ཨ་ནི་དགེ་བཤེས་མ་ཟེར་དུས་ཏོག་ཙམ་གོ་མི་བདེ་བ་ལྟ་བུ་བྱུང་བ་རེད། གཙོ་ཆེ་ཁྱེད་རང་ཚོས་ཨུ་ཚུགས་བརྒྱབ་སྟེ་སློབ་གཉེར་བརྒྱབ་ཡོད། བར་སྐབས་རྡ་ས་དང་ས་གནས་འདིར་ཁྱེད་རང་ཚོས་རྟགས་གསལ་བཏང་བ་སྔ་རྗེས་ཚར་འགའ་ཤས་མཐོང་བ་རེད། ཧ་ཅང་ཡག་པོ་འདུག འདི་ལྟར་བྱས་ནས་ལོ་ནས་ལོ་བསྟུད་མར་དཔེ་ཆ་བལྟས་ཨུ་ཚུགས་བརྒྱབ་ནས་གོང་དུ་ངོ་སྤྲོད་ནང་བཤད་པ་ནང་བཞིན་རེད། ཁྱེད་རང་ཚོའི་རྒྱུག་སྤྲོད་ཀྱི་བརྒྱ་ཆ་ཚད་མཐོ་བོ་ལོན་ནས་དེ་རིང་དགེ་བཤེས་མའི་མིང་རྟགས་དང་འབྲེལ་བའི་ཐོག་ནས་ལག་འཁྱེར་འབུལ་རྒྱུ་བྱུང་བ་རེད། ཐོག་མ་དེར་ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་གཞུང་དེ་དག སྤྱིར་ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་ཆོས་ཕྱོགས་ཀྱི་སྡེ་ཚན་འདི་དུས་ཕྱིས་ཀྱི་ཁམས་ཕྱོགས་ནས་གཉན་མགོན་གསུང་རབ་པ། ཞེས་ཧ་ཅང་གི་མཁས་པ་ཆེན་པོ་ཞིག་བྱུང་ཡོད། ཁོང་གིས་བསྟན་པ་སྤྱི་བཙན། གང་ཟག་སྒོས་བཙན། ཞེས་དབྱེ་བ་འབྱེད་རྒྱུ་འདི་ངོས་ཀྱིས་ཧ་ཅང་འཇུག་པོ་ཞིག་མཐོང་བྱུང་།
བར་སྐབས་ཞིབ་འཇུག་བྱེད་སྐབས། བཅོམ་ལྡན་འདས་ཀྱི་བདེན་བཞིའི་མདོ་དང་དེ་ལ་སོགས་པ་འདུལ་བའི་སྐོར། ཤེར་ཕྱིན་གྱི་མདོ་ལ་སོགས་པ་རྣམས་བསྟན་པ་སྤྱི་བཙན་རེད་འདུག དེའི་དགོངས་འགྲེལ་བྱམས་ཆོས་སྡེ་ལྔ་དང་རིག་ཚོགས་དྲུག་ལ་སོགས་པའི་གཞུང་དེ་དག་བསྟན་པ་སྤྱི་བཙན་རེད། བོད་གངས་ཅན་གྱི་ལྗོངས་སུ་ཆ་བཞག་པ་ཡིན་ནའང་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བ་ཚང་མས་གཞུང་ཆེན་བཅུ་གསུམ་གཟིགས་རྒྱུ། དཔེར་ན། ས་སྐྱར་མཚོན་ན་གྲགས་ཅན་བཅོ་བརྒྱད་ཀྱི་གཞུང་གཟིགས་ཡག དཔལ་ཡུལ་ཕལ་ཆེར་ཡིན་པ་ཡོད། གཞུང་ཉེར་ལྔ་ཞིག་གཟིགས་བཞིན་ཡོད། གང་ལྟར་ས་དགེ་བཀའ་རྙིང་ཚང་མར་ཁྱབ་ཐུབ་པ་ཞིག་ཆགས་འདུག འདི་བསྟན་པ་སྤྱི་བཙན་རེད་འདུག རྒྱུད་སྡེ་ཁག་དེ་དག་གང་ཟག་སྒོས་བཙན་རེད་འདུག ཐོག་མར་བཅོམ་ལྡན་འདས་ཀྱིས་གསུང་སྐབས་བྱ་རྒྱུད་ཀྱི་རྒྱུད་སྡེ་འགའ་ཤས་བཅོམ་ལྡན་འདས་དགེ་སློང་གི་རྣམ་པ་དེ་གའི་ཐོག་ནས་གསུང་པ་འགའ་ཤས་ཡོད།
གཞན་ཚང་མ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བཞེངས་ནས་མར་གསུང་པ་ཞིག་ཡིན། གསུང་སའི་ཡུལ་དེའང་གང་ཟག་བྱེ་བྲག་པ་ཞིག་ལ་གསུངས་པ་ཞིག་རེད་འདུག དེར་བརྟེན་ནམ་རྒྱུན་ང་ཚོས་གཞུང་འཆད་སྐབས་རྒྱུད་སྡེ་དེ་དག་གང་ཟག་བྱེ་བྲག་པ་ཞིག་ནས་མར་རྒྱུད་པ་ཞིག་དང་། རྩ་བ་རྒྱ་ཆེ་བ་དང་ཟབ་མོའི་ལམ་གྱི་རིམ་པ་དེ་དག་སློབ་དཔོན་གཅིག་ནས་གཅིག་ལ་རྒྱུད་ནས་ཡོང་བ་ཡོད་ཀྱང་སྤྱི་ཡུག་ལྟ་བུ་སྤྱི་ཁྱབ་བྱས་ནས་འགྲོ་རྒྱུ་ཞིག་རེད་འདུག དེར་བརྟེན་འཛམ་གླིང་འདིའི་སྒང་ལ་སྔ་མོ་ཡིན་ནའང་བསྟན་པ་སྤྱི་བཙན་གྱི་གཞུང་དེ་དག་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཙོ་བོ་ཆགས་ཡོད།
ད་ལྟའི་དུས་སྐབས་སུ་ཆ་བཞག་ནའང་འཛམ་གླིང་འདིའི་སྟེང་སངས་རྒྱས་པའི་ཆོས་ཚུལ་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་གཞུང་གི་ནང་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་རྒྱུ་དང་ནུས་པ་འདོན་ས་དེ་ཕྱོགས་གཅིག་ནས་ཚན་རིག་གི་སྡེ་ཚན་དང་། ལྟ་གྲུབ་ཀྱི་སྡེ་ཚན། དེ་ནས་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་བསྟན་པ་སྤྱི་བཙན་བྱས་ནས་གསུངས་པ་དེ་དག་གཙོ་བོ་རེད་འདུག
གང་ཟག་སྒོས་བཙན་བྱེད་རྒྱུ་དེ་གང་ཟག་སོ་སོའི་ལྷག་པའི་ལྷ་ལྟ་བུ་ཟུར་དུ་བྱས་ནས་དེ་སྔ་བོད་ཀྱི་སྔ་འགྱུར་རྙིང་མ། སྔ་འགྱུར་དང་གསར་མ་ཞེས་པ་དུས་ཚོད་ཀྱི་ཆ་ནས་བཤད་པ་རེད། གཞན་སྤྱི་ཡོངས་ཀྱི་དཔེར་ན། རྫོགས་ཆེན་པ། ཞེས་བརྗོད་པ་ཡིན་ན་རྫོགས་པ་ཆེན་པོའི་ལྟ་གྲུབ་དང་འབྲེལ་ནས་ཐོན་བཞིན་ཡོད། ཕྱག་བརྒྱ་ཆེན་པོའང་དེ་རང་རེད། ས་སྐྱ་ལམ་འབྲས་སློབ་བཤད་པ་ལམ་འབྲས་ཚོགས་བཤད་ཞེས་གང་ལྟར་ལམ་འབྲས་གསུང་སྐབས་གཙོ་བོ་ཀྱེ་རྡོར་དང་འབྲེལ་ནས་གསུང་བཞིན་ཡོད། བཀའ་བརྒྱུད་ཀྱི་ཕྱག་ཆེན་ཕལ་ཆེར་ཀྱེ་རྡོར་དང་བདེ་མཆོག་སོགས་གཙོ་བོ་བྱས་ནས་འབྲེལ་ཞིང་ཡོང་། དགེ་ལུགས་ལ་མཚོན་ནའང་རྗེ་ཡབ་སྲས་ཀྱི་གསུང་གི་ནང་གི་རྒྱུད་སྡེའི་སྐོར་དེ་དག་རྒྱུད་སྡེ་མི་འདྲ་བ་དེ་འདྲའི་ཐོག་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནའང་སོ་སོ་སོ་སོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་ལྷག་པའི་ལྷ་གཅིག་དང་འབྲེལ་ནས་འགྲོ་སྡོད་རྒྱུ་ཞིག་ཡོང་བཞིན་ཡོད།
བསྟན་པ་སྤྱི་བཙན་ཟེར་བ་དེ་དག་ས་དགེ་བཀའ་རྙིང་གི་དབྱེ་བ་གང་ཡང་མེད་པར་ཚང་མར་ཁྱབ་ནས་ཡོད། དེར་བརྟེན་ངོས་ཀྱིས་ནཱ་ལེནྡྲའི་ཆོས་རྒྱུད་ཅེས་ཨུ་ཚུགས་བརྒྱབ་ནས་ཤོད་རྒྱུ་འདི་དེ་སྔ་ང་ཚོ་བོད་པའི་ཆོས་ལ་ནུབ་ཕྱོགས་པ་དོ་སྣང་བྱེད་མཁན་འགའ་ཤས་ཀྱིས་བོད་ཀྱི་ཆོས་འདི་བླ་མའི་ཆོས་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་ཀྱང་བླ་མའི་ཆོས་ཡིན་པའི་དག་སྐྱེལ་བྱས་པ་ལྟ་བུ་ཧ་ལམ་ཆགས་བཞིན་ཡོད། སངས་རྒྱས་པའི་ཆོས་ཞྭ་མོའི་སྒང་ལ་ཡོད་པ་ལྟ་བུ་བྱས་ནས་ཞྭ་མོ་ཚོན་མདོག་དམར་པོ་དང་སེར་པོ། ནག་པོ། དེ་ནས་བོན་ཞྭ་དཀར་ཞེས་ལབ་པ་རེད། དཀར་པོ་བྱས་ནས་ཡོད། ཞྭ་སེར་ཟེར་སྐབས་ཞྭ་མོའི་ཚོས་གཞིའི་ཐོག་ནས་ཤོད་ཀྱི་ཡོད། ཞྭ་དམར་བརྗོད་སྐབས་ཞྭ་མོའི་ཐོག་ནས་ཤོད་བཞིན་ཡོད། ང་ཚོས་ཞྭ་མོར་ཧ་ཅང་རྩ་བ་ཆེན་པོ་བརྩི་བཞིན་པ་དེར་བལྟ་བ་ཡིན་ན་མགོན་པོ་ཀླུ་སྒྲུབ་ལའང་དབུ་ཞྭ་ཞིག་སྒྲོན་དགོས་པ་འདུག དེ་ནས་ཡར་ཕྱིན་ནས་སྟོན་པ་བཅོམ་ལྡན་འདས་ལའང་དབུ་ཞྭ་ཞིག་སྒྲོན་དགོས་པ་ལྟ་བུ་རེད་འདུག བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཡོ་བྱས་བཅུ་གསུམ་ཞེས་འཚོ་བའི་ཡོ་བྱས་བཅུ་གསུམ་གསུངས་པའི་ནང་ཞྭ་མོ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
གཞི་རྩའི་སྐབས་དང་པོ་དགེ་བཤེས་མའི་མཚན་རྟགས་བཞེས་མཁན་ཁོངས་རྡ་ས་དགེ་ལྡན་ཆོས་གླིང་ནས་བཙུན་མ་གྲངས་གཅིག་དང་། མོན་གྷོ་བྱང་ཆུབ་ཆོས་གླིང་ནས་བཙུན་མ་གྲངས་ལྔ། བལ་ཡུལ་ཀོ་པཎ་བཙུན་དགོན་ནས་བཙུན་མ་གྲངས་གཉིས། རྡ་ས་འཇམ་དབྱངས་ཆོས་གླིང་ནས་བཙུན་མ་གྲངས་དྲུག རྡ་ས་སྒྲོལ་མ་གླིང་ནས་བཙུན་མ་གྲངས་དྲུག་བཅས་ཁྱོན་བསྡོམས་དགེ་བཤེས་མ་ཉི་ཤུ་འདུག །