ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། གོང་དུ་སློབ་ཟུར་ཚོགས་པའི་ཚོགས་གཙོ་ངོས་ནས་ད་རེས་དུས་སྟོན་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་བཞི་འགྲེལ་བརྗོད་གནང་བ་དེ་དག་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ལྟ་བ་ཡིན་ནའང་ཡ་རབས་བཟང་སྤྱོད་ཕུལ་དུ་ཕྱིན་ཞིང་། གཙོ་བོ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་པར་བརྟེན། དེ་རིང་དམིགས་ཡུལ་གཙོ་བོར་བཞག་གནང་སྟེ་སློབ་ཟུར་རྣམ་པས་དཔལ་འབྱོར་འདུ་འགོད་ཀྱིས་མཚོན་གོ་སྒྲིག་གནང་རྒྱུ་སོགས་ཀྱི་ཐོག་ལ་སློབ་གྲྭར་རམ་འདེགས་ཧ་ལས་པ་གནང་སོང་། དེར་བརྟེན་དགའ་སེམས་འཁོལ་བའི་ངང་སློབ་ཟུར་རྣམ་པ་དང་། སློབ་གྲྭའི་དགེ་རྒན་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དུས་སྟོན་འདིའི་ཐོག་དོན་ཚན་ཁ་ཤས་ཞུ་འདོད་ཡོད། སློབ་གྲྭ་འདི་ཉིད་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭའི་ནང་ནས་སློབ་གྲྭ་ཆེ་ཤོས་ཞིག་ཆགས་ཡོད། སློབ་གྲྭ་འདིའི་ནང་སྒྱུ་རྩལ། ཚན་རིག ཚོང་འབྲེལ། ལག་ཤེས་བཅས་ཀྱི་འཛིན་གྲྭ་བཅུ་གཉིས་བར་ཡོད་པ་དང་། དེ་བཞིན་གཞིས་ཆགས་འདིའི་ནང་སློབ་གྲྭ་གཞན་འཛིན་གྲྭ་བརྒྱད་པ་དང་ལྔ་པ་བར་ཡོད་པའི་སློབ་གྲྭ་ཁག་གཉིས་བཅས་ཁྱོན་སློབ་གྲྭ་ཁག་གསུམ་གྱི་སློབ་ཕྲུག་འདིར་འདུ་འཛོམས་བྱུང་ཡོད། བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭའི་ཐོག་ཞུ་པ་ཡིན་ན། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་འདི་བོད་མིའི་སྒྲིག་འཛུགས་ནས་རྩིས་བླང་ཐུབ་ན་བསམས་པ་ཞིག་རྒྱུན་རིང་པོ་ནས་བཀའ་ཤག་སྔ་རྗེས་ཐོག་ནས་འབད་བརྩོན་གནང་བ་རེད། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་གཞུང་གི་བློན་ཆེན་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་བ་ཡིན་ན་ཡག་པོ་འདུག ཅེས་ཐག་གཅོད་གནང་སྟེ་ལོ་གསུམ་ནང་ཚུན་སློབ་གྲྭ་ཁག་རྩིས་གནང་རྒྱུ་ཐུགས་གཏན་འཁེལ་བ་རེད། འོན་ཀྱང་ད་ཆ་བརྒྱ་ཆ་ ༥༠ ཙམ་རྩིས་སྤྲོད་རྩིས་ལེན་ཟིན་པ་ཡིན། ད་ཆ་དམའ་རིམ་སློབ་གྲྭ་དགུ་དང་། འབྲིང་རིམ་སློབ་གྲྭ་ལྔ། དེའི་ཐོག་སྔོན་འགྲོའི་སློབ་གྲྭ་སྡེ་ཚན་ ༣༣ བཅས་ཆུར་རྩིས་ཞུས་ཏེ་ད་ཆ་བོད་མིའི་སྒྲིག་འཛུགས་ནས་འཛིན་སྐྱོང་གནང་དང་གནང་བཞིན་པ་ཆགས་ཀྱི་ཡོད། རྩིས་སྤྲོད་རྩིས་ལེན་བྱས་ཏེ་ལོ་གསུམ་བཞིའི་དུས་ཡུན་དེའི་རིང་ལྷིང་འཇགས་མ་བྱུང་བར་བརྡབ་གསིག་བྱུང་བ་དེ་འདྲ་འབྲེལ་ཡོད་སློབ་གྲྭ་དང་། སློབ་ཕྲུག ཕ་མ་བཅས་ལ་བྱུང་ཡོད་པ་ངོས་འཛིན་ཞུ་གི་ཡོད། དེར་བརྟེན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་ནམ་རྒྱུན་དུ་བློ་ཚབ་བྱེད་བཞིན་ཡོད་པ་མ་ཟད། དེ་རིང་གི་གོ་སྐབས་འདི་བརྒྱུད་དགོངས་སེལ་ཞུ་རྒྱུ་ཡིན།
འོན་ཀྱང་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ངོས་ནས་འབད་བརྩོན་མ་བྱས་པ་དེ་འདྲ་རྩ་བ་ཉིད་ནས་ཆགས་མེད། ཤེས་རིག་ལས་ཁུངས་ནས་ཕལ་ཆེར་ཐེངས་བཞི་བཅུ་ཞེ་གྲངས་ཙམ་འབྲེལ་ཡོད་ལས་ཁུངས་སུ་གཏུག་ནས་འབོད་སྐུལ་སྐྱབས་འཇུག་ཞུས་དང་ཞུ་བཞིན་པ་ཡིན། འདིའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཀྱང་མཉམ་རུབ་ཀྱི་ཕྱག་རོགས་ཧ་ཅང་གནང་དང་གནང་བཞིན་པ་ཡིན། དེ་བཞིན་ལྡི་ལི་སྐུ་ཚབ་དོན་གཅོད་ནས་ཀྱང་ཕྱག་རོགས་དང་། ལྷག་པར་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་འདིའི་ཐོག་བཀའ་སློབ་གནང་དགོས་པ་དེ་འདྲ་ཆགས་པ་རེད། དེར་བརྟེན་ད་ཅ་ཉེ་བའི་ཆར་རྒྱ་གར་གྱི་ཤེས་རིག་བློན་ཆེན་གསར་པ་ཕེབས་པ་དང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྲན་རང་ཤེས་རིག་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་ཏེ་འཕྲོས་ཀྱི་སློབ་གྲྭ་ཁག་རྩིས་སྤྲོད་ཞུ་རྒྱུའི་ཐོག་བཀའ་མོལ་ཞུས་པ་ཡིན། གང་མགྱོགས་ཡོང་བ་ཞིག་བྱེད་ཀྱི་ཡིན། ཞེས་ཞལ་བཞེས་གཙང་མ་གནང་བ་ལྟ་བུ་བྱུང་། ཞེས་ཞུ་རྒྱུ་ཡིན། དེར་བརྟེན་འདིའི་ཐོག་མང་ཚོགས་ནང་ཐུགས་ཚབ་ཧ་ཅང་ཡོད་རེད། དེ་ཙམ་མ་ཟད་ང་ཚོ་འབྲེལ་ཡོད་ལས་ཀ་བྱེད་མཁན་ཚོ་ཡིན་ནའང་ཧ་ཅང་སེམས་ཚབ་ཆེན་པོ་ཡོད། ཅེས་སྙན་གསེང་ཞུ་རྒྱུ་ཡིན།
རྩིས་ལེན་ཚར་བའི་རྗེས་སུ་ལེན་དགོས་ཆོག་པ་ཞིག་བྱེད་དགོས་རེད་བསམས་པ་ཞིག་ཤེས་རིག་ལས་ཁུངས་ངོས་ནས་བསམ་བློ་གཏང་གི་ཡོད་ལ་དགེ་རྒན་ལས་བྱེད་རྣམ་པས་འབད་བརྩོན་དང་གྲ་སྒྲིག་བྱས་དང་བྱེད་བཞིན་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།