༢༠༡༦ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༤ ཉིན་གྱི་སྔ་དྲོ་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དུ་གསར་དུ་བསྐོ་གཞག་གནང་བ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ལས་ཐོག་པ་སྣང་ས་ཆོས་སྒྲོན་ལགས་ནས་དོན་ཁང་གི་ལས་དོན་དང་འབྲེལ་བའི་འགན་ཡོངས་རྫོགས་རྩིས་ལེན་གྲུབ་རྗེས་དངོས་གཞིའི་ལས་ཁུར་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་འདུག དོན་གཅོད་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་དུ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཕེབས་ཡོད།
སྐབས་དེར་དོན་གཅོད་གསར་རྙིང་གཉིས་ཀྱིས་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་རྗེས་དོན་གཅོད་ཟུར་པ་སྣང་ས་ཆོས་སྒྲོན་ལགས་དང་ཕྱི་འབྲེལ་དྲུང་ཆེས་དྭགས་པོ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ཀྱིས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་རྡོ་རྗེ་ལགས་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་མ་ཟད། ཕྱི་འབྲེལ་དྲུང་ཆེས་དོན་གཅོད་ཟུར་པ་སྣང་ས་ཆོས་སྒྲོན་ལགས་ཀྱི་ད་བར་དོན་ཁང་གི་ལས་དོན་ཆེ་ཕྲ་གང་ཅིའི་ཐོག་ལས་དོན་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། དོན་གཅོད་གསར་པའི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡང་ཞུས་འདུག
སྤྱིར་དངོས་གྲུབ་རྡོ་རྗེ་ལགས་ནི། དེ་སྔ་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དྲུང་ཆེ་ཡིན་ཞིང་། དོན་གཅོད་ཟུར་པ་སྣང་ས་ཆོས་སྒྲོན་ལགས་ད་ཆ་ཤེས་རིག་དྲུང་ཆེར་བསྐོ་གཞག་གནང་འདུག་པ་བཅས།།