༢༠༡༦ ཟླ་ ༡༢ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༦ ཉིན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་རྒྱ་གར་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་ Ministry of Human Resource Development གི་སློབ་གྲྭའི་ཤེས་ཡོན་ཚན་པའི་དྲུང་ཆེ་སྐུ་ཞབས་ཨ་ནིལ་སྭ་རུབ་ Shri. Anil Swarup མཆོག་གི་ལས་ཁུངས་སུ་བཅར་ནས་ཁོང་དང་མཇལ་འཕྲད་གནང་འདུག
སྐབས་དེར་བཀའ་བློན་མཆོག་གིས་སློབ་དུས་རྗེས་མ་འགོ་མ་འཛུགས་སྔོན་དུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ལྷག་བསྡད་སློབ་གྲྭ་ཁག་ ༡༤ དེ་དག་སཾ་བྷོ་ཊ་བོད་སློབ་ཚོགས་པས་རྩིས་ལེན་རྒྱུར་གྲ་སྒྲིག་ཇི་ལྟར་གནང་བཞིན་པའི་གནད་དོན་སྐོར་གོ་བསྡུར་སྦྱངས་བཤད་གནང་བ་མ་ཟད། དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དང་གཞན་བོད་མིའི་སློབ་གྲྭ་ཁག་བཅས་ཀྱི་ཤེས་ཡོན་གནས་སྟངས་སྐོར་གསལ་བཤད་གནང་འདུག
སྤྱིར་དྲུང་ཆེ་མཆོག་ལས་འགན་འདིའི་ཐོག་ད་ལྟ་བསྐོ་གཞག་གནང་འཕྲལ་ཡིན་ཡང་བཀའ་བློན་མཆོག་གིས་བཏོན་གནང་བའི་བསམ་འཆར་དང་། དོགས་འདྲི། གསལ་བཤད་སོགས་ལ་ཧ་ཅང་དོ་སྣང་ཆེན་པོས་གསན་འཇོག་གནང་བ་དང་སྦྲགས། ཁོང་གིས་ངོས་ནས་ལས་དོན་དེ་ཚགས་ཚུད་དང་ལམ་ལྷོངས་ལྡན་པ་ཡོང་རྒྱུར་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས། གཞན་ཡང་བཀའ་བློན་མཆོག་གིས་སྐབས་དེར་དྲུང་ཆེར་མོན་གྷོ་གཏན་སློབ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་རྗེས་དྲེན་གྱི་ལེགས་སྐྱེས་ཕྱག་རྟགས་ཤིག་ཕུལ་ནས་རྒྱ་གར་གཞུང་གིས་ད་བར་བོད་མི་བཙན་བྱོལ་བ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཐོག་མཐུན་འགྱུར་རོགས་རམ་ཧ་ཅང་གནང་དང་གནང་བཞིན་པ་དེར་བཀའ་དྲིན་རྗེས་དྲན་ཡང་ཞུས་འདུག
ཐེངས་འདིར་ཤེས་རིག་བཀའ་བློན་མཆོག་དང་ལྷན་འབྲེལ་ཡོད་ལས་ཁུངས་ཀྱི་དྲུང་གཞོན་བསྐལ་བཟང་མགོན་པོ་ལགས་སོགས་ལྷན་བཅར་ཞུས་འདུག །