༢༠༡༦ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༣ ནས་ ༡༩ བར་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ NCERT གི་ཚན་རྩིས་ཤེས་ཡོན་སྡེ་ཚན་དང་ཀར་ན་ཊ་ཀ་མངའ་སྡེ་གཞུང་གཉིས་ཟུང་འབྲེལ་གྱིས་བྷེང་ལོར་དུ་ནཱེ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་ ༤༣ པ་དེ་ཟླ་ ༡༢ ཚེས་ ༡༣ ཉིན་དབུ་འཛུགས་གནང་།
འགྲེམས་སྟོན་དེར་རྒྱ་གར་གྱི་མངའ་སྡེ་ ༣༤ དང་རང་དབང་ཅན་གྱི་སྒྲིག་འཛུགས་ ༡༠ ནས་སློབ་གྲྭ་ཁག་ ༡༩༣ གྱིས་མཉམ་ཞུགས་བྱས་ཡོད་ཅིང། དེ་ཁོངས་སུ་བོད་མིའི་སྒྲིག་འཛུགས་ནས་ཀྱང་མཉམ་ཞུགས་བྱས་ཡོད། ད་ལན་གྱི་འགྲེམས་སྟོན་དེར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀོད་འདོམས་དང་འབྲེལ་ལམ་བརྒྱུད་མ་སུ་རི་བོད་ཁྱིམ་གྱི་སློབ་དགེ་ཨུར་མིལ་ཀན་ཌ་རིའི་ལམ་སྟོན་འོག་སློབ་མ་པདྨ་དབྱངས་འཛོམས་དང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱིས་བཟོ་སྒྲིག་བྱས་པའི་སྐྱེ་ལྡན་རླངས་རྫས་ཀྱི་དཔེ་གཟུགས་བཤམས་སྟོན་བྱས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མཚོན་པར་བྱས། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གི་མགྲོན་ཤོག་ལྟར་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་པ་སངས་མཆོག་པ་ལགས་ཀྱང་འགྲེམས་སྟོན་མཉམ་ཞུགས་ཀྱིས་མ་སུ་རི་བོད་ཁྱིམ་སློབ་མ་རྣམས་ལ་དགོས་ངེས་ཀྱི་མཐུན་འགྱུར་གྲོགས་དན་གནང་ཐུབ་པ་བྱུང་འདུག
འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོར་ཀར་ན་ཊ་ཀ་མངའ་སྡེའི་བློན་ཆེན་སྐུ་ཞབས་སི་དྷ་ར་མེ་ཡ་མཆོག་དང་། གཞི་རིམ་གོང་འོག་གི་ཤེས་རིག་བློན་ཆེན་སྐུ་ཞབས་ཏན་ཝིར་སིང་ལགས། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གི་ངེས་སྟོན་པ་སྐུ་ཞབས་སེ་ན་པ་ཏི་ལགས། གཞན་ཡང་མངའ་སྡེའི་འཐུས་མི་ཁག་ཅིག་བཅས་ཕེབས་འདུག
འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ཁག་ནི། ས་གནས་དང་རྒྱལ་སྤྱིའི་དཀའ་ངལ་རྣམས་ལ་སློབ་ཕྲུག་གི་ཤེས་འདོད་དང་། གསར་གཏོད་ཀྱི་སྒྱུ་སྩལ། ཚོར་བ་སྐྱེན་པོས་དོ་སྣང་སྤྲོད་སའི་སྡིངས་ཆ་མཁོ་སྤྲོད་བྱ་རྒྱུ་ཡིན་པ་དང་། ད་ལན་གྱི་འགྲེམས་སྟོན་དེ་འགྲན་བསྡུར་གྱི་རྣམ་པ་མིན་པར་མཉམ་འབྲེལ་གྱིས་སློབ་ཕྲུག་ནང་ཁུལ་གོ་བསྡུར་སྦྱངས་བཤད་དང། རིག་གཞུང་འཁྲབ་སྟོན། སྙན་གྲགས་ཅན་གྱི་མི་སྣ་གདན་ཞུས་ཀྱིས་བཀའ་སློབ་གོ་སྒྲིག དགོང་མོ་སྒྱུ་སྩལ་དང་རོལ་དབྱངས་སོགས་གོ་སྒྲིག་གནང་འདུག ཤེས་རིག་ལས་ཁུངས་ལ་ཨ་རི་རོགས་དངུལ་ USAID ཐོབ་པ་བརྒྱུད་ད་ལན་གྱི་འགྲེམས་སྟོན་དེར་བོད་མིའི་སྒྲིག་འཛུགས་མཉམ་ཞུགས་བྱེད་ཐུབ་པ་བྱུང་ཡོད།