༢༠༡༦ ཟླ་ ༡༢ ཚེས་ ༩ རེས་གཟའ་པ་སངས།

་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ U.S. Commission on International Religious Freedom འགན་འཛིན་དུ་བསྐོ་གཞག་གནང་འདུག
དེ་ཡང་ཚན་པའི་འགན་འཛིན་ཐོ་མ་སི་ཇེ་ Chair Rev.Thomas J. Reese མཆོག་གིས་གསུང་དོན། ང་ཚོས་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ། དེ་བཞིན་ཨ་རིའི་གྲོས་ཚོགས་བཅས་ལ། དེང་སྐབས་འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་གནང་བ་བརྒྱུད། ཨ་རི་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ནང་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་སྲིད་བྱུས་གཏན་འབེབས་ཇི་འདྲ་གནང་མིན་དང་། སྲིད་བྱུས་དེ་དག་ལག་བསྟར་ཇི་ལྟར་གནང་དགོས་མིན་ཐད་ལམ་སྟོན་ཞུ་རྒྱུར་འབད་བརྩོན་ཞུ་བཞིན་པའི་སྐབས་འདིར་ཁོང་ང་ཚོའི་ཚན་པའི་འགན་འཛིན་དུ་བསྐོ་གཞག་གནང་ཐུབ་པ་དེ་ནི་རིན་ཐང་ཧ་ཅང་ཅན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས།
དེ་ཡང་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ནི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་ California State University ཕུལ་ལར་ཊོན་མཐོ་སློབ་ Fullerton ནང་ཉེ་བའི་གཙུག་ལག་སློབ་དཔོན་གྱི་ཕྱག་ལས་གནང་མུས་ཡིན་འདུག
དེ་ཡང་ཁོང་གིས་མྱོང་ཚོར་ཇི་བྱུང་སྐོར་ལ་གསུང་དོན། མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གི་ལམ་སྟོན་ལྟར། ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་དུ་བསྐོ་གཞག་གནང་བ་འདི་ང་རང་སྒེར་ལ་མཚོན་ན་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་སོང་། ཚན་པའི་འགན་འཛིན་དུ་བསྐོ་གཞག་བྱུང་སྟབས་ཚན་པའི་ཕྱག་རོགས་གཞན་དང་མཉམ་རུབ་ཐོག་འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་འབད་བརྩོན་བྱེད་དགོས་པ་དེ་ངའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད།
ང་རང་བོད་མི་ཞིག་ཡིན་པའི་ངོས་ནས་ལས་འབྲས་གཞི་ལ་བཞག་པའི་སྐབས་བབ་ལས་འགན་ནི་བོད་ནང་གི་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་ལས་ཀ་བྱེད་དགོས་པ་མ་ཟད། ཚད་མཐོའི་སྡིངས་ཆ་འདི་བརྒྱུད་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་སྤྱི་དང་། ལྷག་པར་དུ་དེང་སྐབས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་དཀའ་ངལ་འཕྲད་བཞིན་པའི་གསེར་རྟ་བླ་རུང་སྒར་གི་གནས་སྟངས་དང་། དགོན་དེའི་གྲྭ་བཙུན་སྟོང་ཕྲག་མང་པོ་རྒྱ་ནག་གཞུང་གིས་ཕྱིར་འབུད་གཏོང་བཞིན་པའི་གནད་དོན་དེ་དག་སྐོར་ངེས་པར་དུ་གདོང་ལེན་བྱ་རྒྱུ་ཡིན། དེར་བརྟེན་འབྱུང་འགྱུར་ལས་ཀ་བྱས་པ་ལས་བྱ་རྒྱུ་མང་བ་འདུག ཅེས་གསུངས།།