༢༠༡༦ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༩ ནས་ ༢༣ བར་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་བཞིན་ཡོད་སྟབས། ད་རིང་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་མངའ་སྡེའི་གྲོས་ཚོགས་ཡུལ་རྡ་རམ་ས་ལའི་ཉེ་འཕྲིས་ཏ་པོ་ཝན་ཞེས་པའི་ས་གནས་སུ་བཅར་ནས།
ཐོག་མར་ཧི་མཱ་ཅལ་གྲོས་ཚོགས་ཚོགས་གཙོ་ Brij Bihari lal butail མཆོག་དང་ཚོགས་གཞོན་ Jagat Singh Negi མཆོག་རྣམ་གཉིས་གཙོས་གཞན་འཐུས་མི་འགའ་ཤས་བཅས་མཇལ་ནས་མཇལ་དར་དང་ཕྱག་རྟགས་འབུལ་གནང་ཡོད་པ་མ་ཟད། ད་རིང་གྲོས་ཚོགས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲིའི་སླད་གསོལ་ཇ་ཞལ་ཏོག་སྟབས་བདེ་ཞིག་འབུལ་རྒྱུའི་ཡིག་ངག་གཉིས་ཐོག་ནས་ཞུས་པས། དེ་ཡང་མངའ་སྡེ་གྲོས་ཚོགས་ཚོགས་གཙོ་མཆོག་ནས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་གྲོས་བསྡུར་གནང་སྟེ་ཚེས་ ༢༡ དང་། ༢༢ གང་རུང་དུས་ཚོད་གནང་རྒྱུའི་ཡིན་སྐོར་གསུང་གནང་ཡོད། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་ནས་ཀྱང་བོད་མི་མང་སྤྱི་འཐུས་རྣམ་པར་ཉིན་དགུང་གསོལ་ཚིགས་ཤིག་ལ་གདན་ཞུས་གནང་རྒྱུའི་མགྲོན་འབོད་གནང་རྒྱུ་ཡང་གནང་། མངའ་སྡེ་གྲོས་ཚོགས་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༦ པའི་སྤྱི་འཐུས་ཡོངས་ལ་འཚམས་འདྲི་ཡང་ཞུ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།