༢༠༡༦ ཟླ་ ༡༢ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ Nancy Pelosi མཆོག ཐེངས་འདིར་སླར་ཡང་གྲོས་ཚོགས་འོག་མའི་མང་གཙོ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་དུ་ Democratic Leader འོས་འདེམས་བྱུང་བར་འཚམས་འཕྲིན་ཞིག་ཕུལ་འདུག
དེ་ཡང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་མཚན་ཐོག་ནས་ཕུལ་བའི་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་མཆོག་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལ་བསྐྱར་འདེམས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རྣམས་ལ་སེམས་ཐག་ཧ་ཅང་ཉེ་བའི་གྲོགས་པོའི་འདུ་ཤེས་འོག་ཡུན་རིང་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་བསམ་ཤེས་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དེ་སྔ་སྐུ་ཉིད་བོད་ནང་འཚམས་གཟིགས་སུ་ཕེབས་རྗེས་དངོས་ཡོད་གནས་སྟངས་ཇི་ཡིན་རང་དབང་ལྡན་པའི་འཛམ་གླིང་ཕྱིར་གསལ་སྟོན་གནང་བ་དང་། ལྷག་པར་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཁང་དུ་ངོ་ཕེབས་གནང་བ་བཅས་ལ་ང་ཚོས་བསྔགས་བརྗོད་ཞུ་བཞིན་ཡོད།
འབྱུང་འགྱུར་ཡང་སྐུ་ཉིད་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་ཀྱི་གནད་དོན་གསལ་ཆེད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་ང་ཚོས་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ཅེས་འཁོད་འདུག །