༢༠༡༦ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ ཉིན་དགུང་ལོ་ ༩༤ ཡིན་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བྷེན་ཇ་མིན་གྷིལ་མེན་Benjamin Gilman ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འདས་པོ་ཁོང་གི་སྐུ་ཟླ་ལྕམ་སྐུ་ཇོར་ཇི་ཡ་གྷིལ་མེན་ Georgia Gilman ལགས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་བའི་ནང་འཁོད་དོན། ཡུན་རིང་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་གྷིལ་མེན་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཤེས་རྟོགས་བྱུང་བར་ང་ཚོར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་འདས་གྲོངས་སུ་གྱུར་བ་ནི་ང་ཚོར་གསབ་ཏུ་མེད་པའི་གྱོང་གུན་ཞིག་ཡིན།
དམ་པ་ཁོང་གིས་ཨ་རིའི་མང་ཚོགས་ཁྲོད་བོད་དང་བོད་མིའི་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཏེ་གཟེངས་སུ་ཐོན་པའི་ཞབས་འདེགས་བསྒྲུབས་པར་བརྟེན། ཕྱི་ལོ་ ༢༠༠༣ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་འོད་སྣང་གི་གཟེངས་རྟགས་Light of Truth Award ཞེས་པ་དེ་སྐུ་ཞབས་བྷེན་ཇ་མིན་གྷིལ་མེན་དམ་པ་ཁོང་ལ་གསོལ་སྩལ་མཛད་ཡོད།
ང་ཚོ་བོད་མི་རྣམས་ཀྱིས་དུས་རྟག་ཏུ་དམ་པ་ཁོང་གིས་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།
༼མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽