༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༣ ཉིན་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་བརྟེན། ཕྱི་ཚེས་ ༡༤ རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ All Party Japanese Parliamentary Group for Tibet ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་ Shimomura Hakubun མཆོག་ལ་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན།
ཉི་ཧོང་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་ཉི་ཧོང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཆེད་འབད་བརྩོན་ཧ་ཅང་གནང་མཐར་ཐེངས་འདིར་དངོས་སུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། དེར་བརྟེན་ངས་གཞིས་བྱེས་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉི་ཧོང་གཞུང་མང་གཉིས་ནས་ཡུལ་དེར་༸གོང་ས་མཆོག་ཡང་ཡང་ཕེབས་བསུའི་སྣེ་ལེན་ཞུས་པ་མ་ཟད། རྣམ་པ་འདྲ་མིན་ཐོག་ནས་བོད་མི་དང་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་དེར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་དང་ཉི་ཧོང་གཉིས་ནང་པའི་རྗེས་འབྲང་པ་གཅིག་གྱུར་ཆགས་ཤིང་། འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་ནས་འགྲོ་བ་མིའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད། ད་ལྟ་བོད་མི་རྣམས་ཧ་ཅང་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ཉི་ཧོང་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བ་དེ་ཧ་ཅང་གལ་ཆེ་ཡིན་སྟབས། སླད་ཀྱང་མུ་མཐུད་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་འདུག །
འཕྲིན་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།