༢༠༡༦ ཟླ་ ༡༢ ཚེས་ ༣༡ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡ ཉིན་ནས་གནས་མཆོག་རྡོ་རྗེ་གདན་དུ༸གོང་ས་མཆོག་གི་མཛད་རྣམ་དང་ཕ་ཡུལ་ཕྱོགས་ལ་རྒྱང་བལྟ། ཞེས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་བལྟ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་ རྩིས་མེད་རྡོག་རོལ་བཏང་བ་དང། བོད་ཀྱི་ཁོར་ཡུག་གཏོར་བཤིག བོད་མིར་དམ་བསྒྲགས་སུན་གཙེར་བཟོས་པ་སོགས་རྒྱུ་རྐྱེན་དེ་དག་ལ་བརྟེན། དེང་སྐབས་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེང་རབས་བོད་ཀྱི་ལོ་རྒྱུས། དེ་བཞིན་བོད་ནང་བོད་མི་ཚོས་ཅིའི་ཕྱིར་རང་ལུས་མེར་སྲེག་གཏོང་བཞིན་ཡོད། ཅེས་པའི་བརྗོད་གཞི་ཁག་གསུམ་གྱི་ཐོག་པར་རིས་འགྲེམས་སྟོན་གྱི་ལམ་ནས་བོད་དོན་གོ་རྟོགས་སྤེལ་རྒྱུ་ཡིན་འདུག
དེ་ཡང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་དོན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ངོས་ནས་རྒྱ་གར་རྒྱལ་ཡོངས་དང་འཛམ་གླིང་ཡུལ་གྲུ་གང་སར་༸གོང་ས་མཆོག་དང་བོད་དོན་དང་འབྲེལ་བའི་འགྲེམས་སྟོན་གོ་སྒྲིག་ཞུས་དང་ཞུ་མུས་ཡིན། ང་ཚོའི་འགྲེམས་སྟོན་སྐབས་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ༸གོང་ས་མཆོག་གི་མཛད་རྣམ་སྐོར་པར་རིས་དང་དུས་ལོག་སྐབས་དངོས་སུ་དཀའ་ངལ་འཕྲད་མྱོང་བའི་བོད་་མི་མི་རབས་རྒན་པའི་མི་ཚེའི་ལོ་རྒྱུས་སྐོར་འགྲེམས་སྟོན་ཞུ་བཞིན་ཡོད། ཐེངས་འདིར་ང་ཚོས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་འབུམ་གཉིས་ཙམ་བཅར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རྣམས་ལ་པར་རིས་ཀྱི་ལམ་ནས་བོད་དོན་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་གོ་རྟོགས་སྤེལ་ཆེད་འབད་བརྩོན་གང་ཐུབ་བྱ་རྒྱུ་ཡིན།
དེ་བཞིན་ང་ཚོས་དོ་དབྱིངས་ཅན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་བརྒྱུད་བོད་ཀྱི་གནད་དོན་གསལ་ཐབས་གནང་བཞིན་པའིསྐོར་གྱི་དཔེ་དེབ་ཁག་གཅིག་ཀྱང་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན། ཞེས་གསུངས།
སྤྱིར་ཕྱི་ལོ་ ༡༩༩༨ ལོར་བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་པ་ནས་བཟུང་བོད་ཀྱི་ལོ་རྒྱུས། ད་ལྟའི་བོད་ནང་གི་གནས་སྟངས། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཀྱི་པར་རིས་དང་། བརྙན་པར། ཡིག་ཚགས་སོགས་འཚོལ་བསྡུས་ཀྱིས་འགྲེམས་སྟོན་བྱས་པ་བརྒྱུད་བོད་མིའི་ཆིག་སྒྲིལ་ནུས་པ་གོང་འཕེལ་དང་སྙིང་སྟོབས་མུ་མཐུད་གནས་རྒྱུར་ཞབས་ཞུ་རབ་དང་རིམ་པ་ཞུས་དང་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་བོད་ཀྱི་འགྲེམས་སྟོན་ཁང་ནས་དུས་འཁོར་དབང་ཆེན་ནམ་ཚོགས་སྐབས་བོད་དོན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཞུས་དང་ཞུ་མུས་ཡིན།
ཕྱི་ལོ་ ༢༠༡༤ ལོར་༸གོང་ས་མཆོག་གིས་ལ་དྭགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱེད་སྟངས་དང་ད་ལྟའི་བོད་མིའི་འཐབ་རྩོད་ལས་འགུལ་བཅས་ཀྱི་ཐོག་འགྲེམས་སྟོན་བྱེད་སྐབས་མང་ཚོགས་སྟོང་ཚོ་ཁ་ཤས་ཀྱི་དོ་སྣང་ཆེན་པོ་གནང་ཡོད།
ཐེངས་འདིའི་འགྲེམས་སྟོན་འདི་བཞིན་ཕྱི་ཚེས་ ༡༤ ཉིན་མཇུག་བསྒྲིལ་རྒྱུ་ཡིན་འདུག