༢༠༡༦ ཟླ་ ༡༢ ཚེས་ ༩ རེས་གཟའ་པ་སངས།
༄༅། །སྦར་སེལ་སྐུ་ཚབ་དོན་ཁང་དང་ཡུ་རོབ་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡན་ལག་ལས་ཁུངས་བཅས་ཀྱིས་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་དེང་སྐབས་ཡུ་རོབ་རྒྱལ་ཁབ་ཁག་གཅིག་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་རྒྱུའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ཐོག་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་གིས་དྲང་བདེན་གྱི་རྟོག་ཞིབ་གནང་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་ཆེད་སྐོར་སྐྱོད་གནང་བཞིན་པ་ལྟར།
ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༧ ཉིན་ཕ་རན་སི་སྐུ་ཚབ་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་འོག ཉི་མ་ལྷ་མོ་ལགས་ཀྱིས་སྐུ་ཚབ་དོན་ཁང་གི་དྲུང་ཡིག་ཚེ་རིང་དོན་གྲུབ་ལགས་དང་། འབྲེལ་ཡོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས། དེ་བཞིན་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ལྕམ་སྐུ་མི་ལ་ནི་ཡ་བྷོ་ལོན་ཌེ་ལེ་ Ms Melanie Blondelle ལགས་བཅས་དང་ལྷན། ཕ་རན་སི་གྲོས་ཚོགས་གོང་མའི་ལས་ཁུངས་སུ་བཅར་ནས་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་ཞུས་འདུག
སྐབས་དེར་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་རེ་སོན་ Senator Michel Raison མཆོག་དང་། ཚོགས་གཞོན་ཨེན་དེ་རེ་གྷ་ཏོ་ལིན་ Senator Andre Gattolin མཆོག ཚོགས་མི་སྐུ་ཞབས་བྷར་ན་ཌི་ཕོར་ནར་ Bernard Fournier མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། ཞོགས་ཟས་ལྷན་བཞེས་གནང་འདུག
ཕྱོགས་མཚུངས་ཞོགས་ཟས་སྐབས་དེར་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཡིག་སྐུ་ཞབས་ཐེ་རི་མུ་ནིར་ Mr Thierry Munier ལགས་དང་། གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཡིག་སྐུ་ཞབས་ཇེ་རེ་མི་ཀེ་ལོ་ཧ་ཌི་ Mr Jeremy Calohard ལགས་སོགས་མཉམ་ཞུགས་གནང་འདུག
སྐབས་དེར་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་རེ་སོན་ Senator Michel Raison མཆོག་གིས། ཕ་རན་སིའི་གྲོས་ཚོགས་གོང་འོག་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཇི་ལྟར་སྤེལ་དང་སྤེལ་མུས་ཡིན་པའི་གནས་སྟངས་སྐོར་དང་། ལྷག་པར་ཁོང་གིས་གྲོས་ཚོགས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་གནད་དོན་སྐོར་དམིགས་བསལ་གྱི་དྲི་བ་བཏོན་པ་བརྒྱུད་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེ་གནང་བ་དྲན་གསོ་གནང་འདུག
ཕྱོགས་མཚུངས་ཉི་མ་ལྷོ་མོ་ལགས་ཀྱིས་རིན་པོ་ཆེ་མཆོག་གློ་བུར་དུ་དོགས་གཞི་ཧ་ཅང་ཆེ་བའི་གནས་སྟངས་འོག་སྐུ་གྲོངས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ཁག་ཞིབ་ཕྲ་གསལ་བཤད་ཞུས་པ་མ་ཟད། རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་རྒྱ་ནག་གཞུང་གིས་ཁོང་ལ་མ་ཉེས་ཁ་ཡོག་འོག་འཛིན་བཟུང་བཙན་ཁྲིད་བྱེད་ཚུལ་དང་། དེ་རྗེས་དྲང་བདེན་གྱི་ཁྲིམས་བཤེར་གནང་རྒྱུའི་གོ་སྐབས་གང་ཡང་མེད་པར་བཙོན་ཁང་དུ་བཀག་ཉར་བྱེད་ཚུལ། མཐར་ཁོང་བཙོན་དུ་སྐུ་གྲོངས་པའི་གནས་སྟངས་སྐོར་སོགས་ཞུས་པ་དང་སྦྲགས། ཁོ་མོས་སེམས་ཚོར་དྲག་པོས་རིན་པོ་ཆེ་མཆོག་སྐུ་གྲོངས་རྐྱེན་ངོ་མ་གང་ཡིན་ཐོག་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་ཆུང་གིས་རྟོག་ཞིབ་གནང་ཐབས་དགོས་པའི་རེ་འདུན་བཏོན་པ་མ་ཟད།
ཁོ་མོ་རང་ཉིད་དང་ཨ་མ་ལགས་བཅས་ཁྱིམ་ཚང་གི་ནང་མི་ཚང་མར་དཀའ་ངལ་ཧ་ཅང་འཕྲད་པའི་རྒྱུད་རིམ་དེ་དག་གསལ་བཤད་གནང་། ལོ་རྒྱུས་དེ་དག་གསན་རྗེས་གྲོས་ཚོགས་འཐུས་མི་རྣམས་ལ་སེམས་འགུལ་ཤུགས་ཆེ་ཐེབས་པའི་རྣམ་པ་མངོན་གསལ་བྱུང་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་སྐབས་དེར་ཉི་མ་ལྷ་མོ་ལགས་དང་ཁོང་གི་ནང་མི་བཅས་ལ་རོགས་ཕན་ཇི་འདྲ་གནང་དགོས་མིན་འདྲི་རྩད་གནང་འདུག
དེ་ཡང་ཉི་མ་ལྷ་མོ་ལགས་རྒྱལ་ས་པེ་རི་སི་ནང་འབྱུང་འགྱུར་བདུན་ཕྲག་གཅིག་བཞུགས་ནས་ཡུལ་དེའི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ཕ་རན་སྲི་གཞུང་གི་ལས་བྱེད་ཁག་གཅིག དེ་བཞིན་ས་གནས་བོད་རིགས་བཅས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག