༢༠༡༦ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ལོ་ལྟར་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་གོང་སྤེལ་གཏོང་ཆེད་ཟབ་སྦྱོང་གོ་སྒྲིག་གནང་སྲོལ་ཡོད་པ་ལྟར། འདི་ལོར་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༣༡ ནས་ཕེབས་པའི་འཛིན་རིམ་བཅུ་པའི་སློབ་མ་རྣམས་ལ་ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༧ བར་ཉིན་གྲངས་བརྒྱད་རིང་རྡ་ཤོད་བོད་ཁྱིམ་དུ་ཟབ་སྦྱོང་གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢།༣༠ བར་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་ཚན་པའི་གོ་སྒྲིག་འོག་ཕྱི་དྲིལ་ལས་བྱེད་བསོད་ནམས་བཟང་མོ་ལགས་དང་། སྐལ་ལྡན་མཚོ་མོ་ལགས། བསྟན་འཛིན་བྱམས་ཆེན་ལགས། འཇམ་དཔལ་གཞོན་ནུ་ལགས་བཅས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད་དང་། སློབ་ཕྲུག་རྣམས་ཀྱིས་དྲི་བ་ཁག་ལ་ལན་ཞིབ་རྒྱས་གནང་འདུག
དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བོད་པའི་སློབ་ཕྲུག་རྣམས་ལ་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་རྣམས་ཀྱིས་སྤྱིར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་དོན་དང་། སྲིད་བྱུས་འདི་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་འཆར་སྣང་ལྟར་ཕྱི་ལོ་ ༡༩༧༠ དོན་གྲངས་ནས་རིམ་བཞིན་བོད་མིའི་འཐབ་རྩོད་ཀྱི་ལངས་ཕྱོགས་སུ་གཏན་འབེབས་བྱུང་བའི་བརྒྱུད་རིམ། དེ་བཞིན་ཕྱིས་སུ་དུས་ཚོད་རིམ་སོང་གི་སྲིད་བྱུས་དེའི་འཕེལ་རིམ་འགྲོ་སྟངས་སྐོར་གོ་རྟོགས་སྤེལ་ཆེད་ཡིན་འདུག སྐབས་དེར་སློབ་མ་གྲངས་ ༣༠༠ ཙམ་ཕེབས་འདུག་པ་བཅས།།