ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འདོད་རྒུ་གླིང་གཞིས་མི་ཡོངས་ལ་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཕྱག་རོགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀུར་འོས་སྤྱི་འཐུས་རྣམ་པ། སྐབས་བཅོ་ལྔའི་བཀའ་ཤག་གི་ལམ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག ལྷོ་སྤྱི་དབུས་པའི་ས་གནས་འགོ་འཛིན་རྣམ་པ། མོན་གྷོ་འདོད་རྒུ་གླིང་གི་ས་གནས་འཐུས་ཚོགས། གཞན་ཡང་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། མི་མང་རྣམ་པ། ས་གནས་ཀྱི་རྫོང་དཔོན་མཆོག་བཅས་ལ་ངས་བཀའ་ཤག་གི་ཚབ་བྱས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་སྔ་དྲོ་རྣམ་པ་ཚོ་ཚང་མས་གཟིགས་ཡོད་ངེས་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་ཞུས་པ་ཡིན། མོན་གྷོ་འདོད་རྒུ་གླིང་ས་ཆའི་ཐོག་གཙོ་བོ་རྫོང་དཔོན་གྱི་འགན་འཁུར་གནང་སྟེ་ཞིབ་འཇུག་ཆ་ཚང་བྱས་ཏེ་ས་ཆ་ཁྲིམས་མཐུན་ཆགས་པ་རེད། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་འདི་ཉིད་ཁྲིམས་མཐུན་ཆགས་པ་དེ་ས་གནས་རྫོང་དཔོན་གྱིས་ཐུགས་འཁུར་ཆེན་པོ་བཞེས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད།
ཡིག་ཆ་འདིའི་བཀའ་དྲིན་ལ་བརྟེན་ནས་ས་ཆ་འདི་ཁྲིམས་མཐུན་ཆགས་པ་དང་། Revenue Department ལ་དེབ་སྐྱེལ་བྱས་ཡོད་པར་བརྟེན་སྟོན་ཐོག་འདེབས་ལས་བྱེད་མཁན་ཡིན་ན། གཞུང་གིས་ལས་འཆར་ཁག་དང་། ཞིང་ལས་འདེབས་འཛུགས་བུ་ལོན་བླང་རྒྱུ་ཡིན་ནའང་རེད། དངོས་རྫས་ཉོ་རྒྱུ་ཡིན་ནའང་རིན་གོང་ཆུང་བ་ཡོད་པ། ད་ལམ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་སྟོན་ཉེས་ཧ་ཅང་ཆེན་པོ་བྱུང་བ་རེད། དེའི་ནང་ནས་ཀོ་ལོ་གྷལ་དོན་ལྡན་གླིང་དུ་སྟོན་ཉེས་ཤུགས་ཆེ་ཤོས་བྱུང་བ་རེད། སྟོན་ཉེས་བྱུང་བའི་སྐབས་སུ་རྒྱ་གར་མངའ་སྡེ་གཞུང་ལ་གུན་གསབ་ཞུ་རྒྱུ་ཡོད། གུན་གསབ་ཞུས་པ་ནང་བཞིན་ཟླ་བ་གསུམ་གྱི་ནང་གུན་གསབ་ཐོབ་རྒྱུ་ཡོད།
ད་བར་རྒྱ་གར་གཞུང་གིས་གང་གནང་བ་རྣམས་༧གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་དམིགས་བསལ་གནང་གི་ཡོད། ད་ནས་ཁྲིམས་མཐུན་ཐོག་ཞུ་རྒྱུ་ཡོད་པ་ཆགས་ཡོད། ད་ནས་ང་ཚོ་ཡིན་ནའང་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་ཐོབ་ཐང་གནང་གི་རེད། ཁྲིམས་མཐུན་ཐོག་ནས་ཞུ་ཆོག་པ་ཆགས་ཡོད། ང་ཚོར་རྒྱ་གར་མི་སེར་ནང་བཞིན་གཞིས་ཆགས་འདིའི་ནང་ས་ཞིང་འདེབས་རྒྱུ་སོགས་ཁྲིམས་མཐུན་ཐོག་ནས་ཐོབ་ཐང་བླང་ཆོག་པ་ཆགས་ཡོད། འོན་ཀྱང་འདི་དང་མཉམ་དུ་ང་ཚོ་ཡིན་ནའང་ཁྲིམས་དང་མཐུན་པའི་ཕྱག་ལས་གནང་དགོས་རེད་མ་གཏོགས་ཁྲིམས་འགལ་བྱས་ཏེ་ཁྲིམས་ཐོག་ནས་ཐོབ་ཐང་ཡོད། ཅེས་ཞུ་པ་ཡིན་ན། གསོལ་རས་ཐོབ་རྒྱུའི་ཚབ་ཏུ་ཉེས་པ་རག་གི་རེད། འདི་ངེས་པར་དུ་མཁྱེན་དགོས།
ང་ཚོར་རྒྱ་གར་གཞུང་དང་མི་དམངས། རྒྱལ་ཁབ་བཅས་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ཚང་མས་ཁྲིམས་དང་མཐུན་པའི་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གོང་དུ་རྫོང་དཔོན་གྱིས་སའི་ཡོང་འབབ་བརྒྱ་ཆ་གསུམ་ཁྲལ་འབུལ་བ་ཡིན་ན། སྟོན་ཉེན་བྱུང་བའི་སྐབས་གུན་གསབ་རག་གི་རེད། ཅེས་གསུང་པ་བཞིན། ཁྲལ་འབུལ་དགོས། བཀའ་ཤག་གིས་རེ་བར་མི་མང་ནས་ཁྲིམས་མཐུན་ཕྱག་ལས་གནང་བ་ཡིན་ན། མ་འོངས་པར་ང་ཚོས་གུན་གསབ་ཞུ་པ་ཡིན་ནའང་རེད། ཐོབ་ཐང་ཞུ་པ་ཡིན་ནའང་རེད། ཁྲིམས་མཐུན་ཐོག་ནས་ཞུ་རྒྱུ་ཡོད། གཞིས་ཆགས་སྲ་བརྟན་ཡོང་བར་ས་ཆ་སྲ་བརྟན་དགོས། ད་ནས་བཟུང་མོན་གྷོ་གཞིས་ཆགས་ཀྱི་ས་ཆ་བརྟན་པོ་ཆགས་ཡོད།
བཀའ་ཤག་ནས་ཀྱང་ལྔ་དང་ལྔ་བཅུ་ཞེས་ཞུ་བཞིན་ཡོད། ང་ཚོའི་ཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་ནི། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་རེད། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱས་པའི་ཐོག་བོད་པའི་ཆེ་མཐོང་རྩོད་རྒྱུ་དེ་རེད། མི་རིགས་ཀྱི་ངོ་བོ་ནི་ཆོས་རིག་གཞུང་སྐད་ཡིག་བཅས་རེད། དེ་ནས་ང་ཚོར་འགྲོ་བ་མིའི་ཐང་དང་། རང་དབང་། ཆོས་དད་རང་དབང་། ཁོར་ཡུག་སྲུང་སྐྱོབ་དགོས་ཀྱི་ཡོད། ཅེས་ཆེ་མཐོང་རྩོད་ཀྱི་ཡོད། དེ་རྩོད་པར་ཐབས་བྱུས་ལྔ་དང་ལྔ་བཅུ་ཟེར་གྱི་ཡོད། བཀའ་ཤག་དང་གྲོས་ཚོགས་ཀྱི་ལས་ཡུན་ལོ་ལྔ་རེད། ལོ་ལྔའི་ནང་དབུ་མའི་ལམ་གཞི་བཞག་པའི་ཐོག་ནས་བོད་རྒྱ་ཞི་མོལ་བྱུང་སྟེ་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་རྩ་ཆེ་བའི་འགན་རེད། འདི་ལོ་ལྔའི་ནང་སྒྲུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། མཉམ་དུ་ང་ཚོ་བཙན་བྱོལ་ནང་ལོ་ལྔ་བཅུ་གནས་ཟིན་པ་རེད། སླར་ཡང་ལོ་ལྔ་བཅུ་གནས་དགོས་བྱུང་བ་ཡིན་ནའང་གནས་ཐུབ་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས། དེར་བརྟེན་བོད་མིའི་སྒྲིག་འཛུགས་དང་དགོན་སྡེ་ཁག གཞིས་ཆགས་ཁག་བཅས་འཚོ་དགོས། འཚོ་བ་མ་ཟད་བོད་མིའི་སྒྲིག་འཛུགས་དང་། དགོན་སྡེ་ཁག སྨན་ཁང་ཁག སློབ་གྲྭ་ཁག གཞིས་ཆགས་ཁག་བཅས་ཀྱི་ནུས་པ་འཕེལ་དགོས། ཇི་ཙམ་ནུས་པ་འཕེལ་ཐུབ་པ་ཡིན་ན། རྒྱུན་གནས་ཐུབ་ཀྱི་རེད། ལོ་ལྔ་བཅུའི་ནང་རྒྱ་ནག་འགྱུར་བ་འགྲོ་གི་རེད། རྒྱ་ནག་འགྱུར་བ་ཕྱིན་པ་ཡིན་ན། ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་རག་གི་རེད། དེར་བརྟེན་ལོ་ལྔའི་ནང་བོད་རྒྱ་ཞི་མོལ་བརྒྱུད་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་འབད་བརྩོན་བྱེད་རྒྱུ་དང་མཉམ་དུ་ལོ་ལྔ་བཅུ་གནས་ཐུབ་པ་འབད་བརྩོན་བྱེད་པ་ཡིན་ན། ལོ་ལྔ་བཅུའི་ནང་རྒྱ་ནག་འགྱུར་བ་འགྲོ་རྒྱུ་ཡིན་པར་བརྟེན། ལོ་ལྔ་བཅུའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཀྱི་རེད། དེར་བརྟེན་ལྔ་དང་ལྔ་བཅུའི་ཐབས་བྱུས་འདི་ལྔ་གཞི་བཞག་པའི་ཐོག་ནས་རྒྱལ་ཁ་ཐོབ་རྒྱུའི་གཞི་ཞིག་ཡོད་རེད། ལྔ་བཅུ་གཞི་བཞག་པའི་ཐོག་ནས་རྒྱལ་ཁ་ཐོབ་རྒྱུའི་གཞི་ཞིག་ཡོད།
ང་ཚོ་སླར་ཡང་ལོ་ལྔ་བཅུ་གནས་དགོས་བྱུང་བ་ཡིན་ན། གཞིས་ཆགས་སྲ་བརྟན་དགོས་ཀྱི་ཡོད། ཨོ་རི་ས་ནང་བཞིན་ས་གནས་ཡུལ་མི་དང་རྙོོག་གྲ་ཧ་ཅང་ཆེན་པོ་བྱུང་བ་ཡིན་ན། ཕྱིས་སུ་ཁྲིམས་མཐུན་ཡིག་ཆ་དང་། ས་ཁྲ་སྟོན་རྒྱུ་མེད་པ་དང་། Revenue Department ལ་དེབ་སྐྱེལ་བྱས་མེད་པ་ཡིན་ན་ས་ཤོར་ནས་རྙོག་གྲ་ཆེན་པོ་བྱུང་བ་ཡིན་ན། ང་ཚོ་ག་བར་འགྲོ་དགོས་སམ། དེར་བརྟེན་ད་ལམ་ས་ཞིང་ཡོད་པ་དེ་དག་ལོ་ཉི་ཤུ་རིང་རྒྱ་གར་མངའ་སྡེ་གཞུང་གིས་ང་ཚོར་བོགས་མ་གཡར་བ་རེད། དེ་ལྟར་བཀའ་ཤག་གི་ཐབས་བྱུས་ལྔ་དང་ལྔ་བཅུ་གཞི་བཟུང་ཡིན་པ་ཡིན་ནའང་མཐུན་པའི་ཆེད་དུ་འབད་བརྩོན་བྱས་ཏེ་ད་ལམ་གྲུབ་འབྲས་སྨིན་པ་ཞིག་རེད། ཅེས་ཞུ་རྒྱུ་ཡིན། དེ་བཞིན་༧གོང་ས་མཆོག་ལ་སྙན་གསེང་ཞུས་པའི་སྐབས་སུ་ཧ་ཅང་ཐུགས་གཉེས་པོ་མཛད་སོང་། ཞེས་སོགས་ཀྱི་གསུང་བཤད་གནང་།།