༢༠༡༦ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་ནས་ཕྱི་ཚེས་ ༢༤ བར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་དང་འབྲེལ་བའི་ལས་དོན་དང་། རྒྱལ་ས་ལྡི་ལིར་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་གནང་རྒྱུ་མ་ཟད། དེ་རྗེས་མོན་གྷོར་སེམས་དང་སྲོག་གི་བགྲོ་གླེག་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་དང་།
ཕྱི་ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཕྱག་བཏབ་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོར་བཅར་རྒྱུ་མ་ཟད། ཕྱི་ཚེས་ ༢༢ ཉིན་དཔལ་ལྡན་འབྲས་སྤུངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་བྱུང་བའི་བཙུན་མ་ ༢༠ ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་རྒྱུའི་མཛད་སྒོར་མཉམ་ཞུགས་གནང་རྗེས། དེ་ཉིན་གྱི་ཕྱེད་ཡོལ་མོན་གྷོ་གཏན་སློབ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།