༢༠༡༦ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །སྟོད་མངའ་རིས་གུང་ཐང་གློ་སྨོན་ཐང་གི་རྒྱལ་པོ་འཇིགས་མེད་རྡོ་རྗེ་དཔལ་འབར་མཆོག་སྐུ་གཤེགས་པར་བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མྱ་ངན་གུས་འདུད་ཀྱི་གསུང་འཕྲིན་ཞིག་སྤེལ་བའི་ནང་འཁོད་དོན། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་མི་རྗེ་འཇིགས་མེད་དཔལ་འབར་བྷི་སི་ཏ་མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་སྙིང་ཐག་པ་ནས་སེམས་གསོ་དང་སྦྲགས་གདུང་སེམས་མཉམ་སྐྱེའི་མྱ་ངན་གུས་འདུད་ཞུ་བཞིན་ཡོད། མི་རྗེ་དམ་པ་ཁོང་ནི་བོད་མིར་ཧ་ཅང་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་པ་མ་ཟད།
དེ་སྔ་ཕྱི་ལོ་ ༡༩༦༠ སྐབས་ས་ཁུལ་དེའི་ནང་ནས་རྒྱ་ནག་དམར་པོར་འཐབ་འཛིང་གནང་མཁན་བོད་མི་འཇབ་དམག་འཐབ་རྩོད་པ་རྣམས་ལ་དམག་སའི་གཞི་འཛུགས་ཡུལ་གྱིས་མཚོན་མི་རྗེ་དམ་པ་ཁོང་གིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་ཡོད། ང་རང་སྒེར་ལ་མཚོན་ནའང་དེ་སྔ་སློབ་གྲྭ་ཆེ་བའི་ནང་སློབ་སྦྱོང་བྱེད་བཞིན་པའི་སྐབས་སློབ་གྲྭའི་གུང་སེང་ཞིག་ལ་མི་རྗེ་དམ་པ་ཁོང་སྤོག་རར་མཇལ་རྒྱུ་བྱུང་བའི་བྱིས་པའི་ཚོར་སྣང་ཞིག་ཀྱང་ཡོད།
སྤྱིར་མི་རྗེ་དམ་པ་ཁོང་ནི་སྲོལ་རྒྱུན་རྒྱུན་འཛིན་པ་ཞིག་དང་ཆོས་སེམས་དཀར་ཞིང་འབངས་ཐམས་ཅད་ཀྱིས་དགའ་གུས་ཞུ་ཡུལ་གྱི་རྒྱལ་པོ་ཞིག་ཡིན་པ་ཡོངས་སུ་གྲགས། ང་དང་ངའི་སྤུན་གཉིས་ལ་མི་རྗེ་དམ་པ་ཁོང་གིས་ཆུར་སྐམ་རྔན་པ་བསྟེར་གནང་བའང་དྲན་གྱི་འདུག ཅེས་འཁོད་འདུག
སྤྱིར་མི་རྗེ་དམ་པ་ཁོང་གིས་མི་ལོ་ ༥༠ ལྷག་རིང་སྟོད་མངའ་རིས་གུང་ཐང་གློ་སྨོན་ཐང་དབང་སྒྱུར་གནང་ཡོད། ཕྱི་ལོ་ ༢༠༠༨ ལོར་མའོ་ཤོ་ཁག་གིས་བལ་ཡུལ་ནང་གྱེན་ལོག་གསར་བརྗེ་ལངས་རྐྱེན་རྒྱལ་པོའི་ལམ་ལུགས་མཇུག་སྒྲིལ་བྱུང་འདུག མི་རྗེ་དམ་པ་ཁོང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ ཉིན་དགུང་གྲངས་ ༨༦ ཐོག་རྒྱལ་ས་ཀ་ཐི་མན་ཌུའི་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པ་བཅས།།