ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འདོད་རྒུ་གླིང་གཞིས་མི་ཡོངས་ལ་གསུང་བཤད་གནང་དོན། རྩ་བའི་གོང་དུ་ས་གནས་ཀྱི་རྫོང་དཔོན་མཆོག་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་སློབ་དང་། དེ་བཞིན་དེ་རིང་འདིར་འདུ་འཛོམས་དགོས་པའི་གནས་སྟངས་འགྲེལ་བརྗོད་ཆ་ཚང་བ་ཞིག་བྱུང་སོང་། དེར་བརྟེན་འདིའི་ཐོག་ངས་བསྐྱར་ཟློས་ཞུ་མི་དགོས་པ་ཞིག་དང་གཙོ་བོ་རྣམ་པ་ཚོས་མཁྱེན་གྱི་ཡོད་རེད། དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཕྱག་བཏབ་ནས་ལོ་དྲུག་བརྒྱ་འཁོར་བའི་མཛད་སྒོའི་ཐོག་མགྲོན་ཤོག་གནང་བ་གཞི་བཟུང་འདིར་ས་གནས་སུ་བཅར་ནས་མི་མང་རྣམ་པ་དང་དགེ་འདུན་པ་རྣམ་པ་བཅས་ཕྱོགས་གང་ཅིའི་ཐད་ནས་སྐུ་ངལ་ཕྲན་བུ་ཡོད་ངེས་རེད་དྲན་གྱི་ཡོད། ༧གོང་ས་མཆོག་ས་གནས་སུ་ཆིབས་སྒྱུར་བསྐྱངས་ཡོད་སྟབས། མཛད་སྒོ་ཁག་དང་ཆིབས་སྒྱུར་སྐབས་སུ་༧སྐྱབས་མགོན་རིན་པོ་ཆེའི་མཇལ་ཁ་ཐོབ་ཆེད་ངང་སྒུག་གནང་རྒྱུ་སོགས་ཀྱི་ཐོག་ནས་མི་མང་དང་དགེ་འདུན་པ་བཅས་ཕྱོགས་གཅིག་ནས་སྐུ་ཐང་ཆད་ཡོད་ངེས་རེད་སེམས་ཀྱི་ཡོད།
འོན་ཀྱང་བཟང་པོའི་ཞོར་ལ་ཇ་ཆང་ཟེར་བ་ནང་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་པ་ནང་བཞིན་རེད། ཁ་སྔོན་མོན་གྷོ་ས་གནས་སུ་ཡོང་སྐབས་ཀར་ཝར་ས་གནས་རྫོང་དཔོན་དང་མཇལ་རྒྱུ་བྱུང་སོང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་པའི་ལས་གཞི་འདི་གྲོས་ཚོགས་ནང་འཛིན་སྐྱོང་བཀའ་ཤག་ངོས་ནས་གསལ་བཤད་དང་དྲི་བ་དྲིས་ལན་གྱི་ཐོག་ནས་གནས་ཚུལ་ཡོང་བཞིན་པ་ཞིག་རེད། དེར་བརྟེན་མི་མང་རྣམ་པས་གང་ཙམ་མཁྱེན་གྱི་ཡོད་རེད་བསམ་གྱི་ཡོད། གཙོ་བོ་བཀའ་ཤག་དང་ནང་སྲིད་ལས་ཁུངས། ས་གནས་ཀྱི་ལྷོ་སྤྱི་ལས་ཁུངས་དང་གཞིས་ཆགས་སོ་སོའི་འགན་འཁུར་མཁན་རྣམ་པས་འབྲེལ་བ་བྱེད་སྟངས་ཀྱི་ཐོག་ནས་དེ་རིང་ས་ཆ་འདིའི་ཐོག་མཚན་རྟགས་སྐྱོན་རྒྱུ་གཞིས་ཆགས་ཁག་གི་ནང་ནས་མོན་གྷོ་འདོད་རྒུ་གླིང་འདི་ཐོག་མར་ཆགས་ཡོད། ཅེས་གསུང་རྒྱུ་ནི་ཕྱོགས་གཅིག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།
ཕྱོགས་གཞན་ཞིག་ནས་འདིར་མཇལ་རྒྱུ་ཡོད་པ་སྐུ་བགྲེས་པ་ཤ་སྟག་རེད་འདུག ཁྱེད་རྣམ་པས་དེ་ཚོས་གང་གསུང་གི་ཡོད་ན། ང་ཚོ་ལོ་ལྔ་བཅུ་ལྷག་རིང་གཞིས་ཆགས་འདིའི་ནང་བསྡད་པ་ཡིན། དེ་འདྲའི་དཀའ་ངལ་གང་ཡང་མེད། ད་གང་གསུང་བཞིན་ཡོད་ན། ཞེས་དེ་འདྲའི་དོགས་པ་སླེབ་སྲིད་པ་རེད། རྩ་བའི་རྒྱ་གར་གཞུང་དང་མངའ་སྡེ་གཞུང་། ལྷག་པར་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ང་ཚོར་ས་ཆ་དང་། དེ་བཞིན་མཐུན་རྐྱེན་གང་ཙམ་འདང་ངེས་གནང་བཞིན་ཡོད། དེ་བརྟེན་རྒྱ་གར་དབུས་གཞུང་དང་ས་གནས་མངའ་སྡེ་གཞུང་ནི་བོད་པའི་ཐོག་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་ཀྱི་འདུག དེར་བརྟེན་དེ་རིང་ས་གནས་ཀྱི་རྫོང་དཔོན་མཆོག་འདིར་དངོས་སུ་མི་མང་རྣམ་པ་ཐུག་སླད་དེ་རིང་ཞོགས་པ་ནས་ད་ལྟ་བར་སྒུག་ཡོད། ཁོང་གིས་ངོས་ནས་ང་ཚོར་བཟང་སྤྱོད་དང་ཐུགས་བརྩེ་བ་ཧ་ཅང་ཉེ་བོ་ཡོད་པའི་རྟགས་ཞིག་མཚོན་གྱི་འདུག་དྲན་གྱི་འདུག དེར་བརྟེན་རྫོང་དཔོན་མཆོག་དང་འབྲེལ་ཡོད་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དེ་ནས་ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་མདོར་བསྡུས་ཙམ་ཞུས་ན། རྩ་བའི་རྣམ་པ་ཚོ་མཁྱེན་གྱི་ཡོད་རེད། ང་ཚོ་བཙན་བྱོལ་བའི་ངོ་བོའི་ཐོག་གནས་ཡོད། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཏེ་ལོ་དྲུག་ཅུ་ལ་ཉེ་བ་ཆགས་ཀྱི་ཡོད། རྒྱ་ནག་གི་སྲིད་བྱུས་དང་ང་ཚོའི་སྲིད་བྱུས་ཐོག་ནས་ལམ་ལྷོངས་བྱུང་བ་ཡིན་ན། ང་ཚོ་བོད་ནང་ཕྱིར་ལོག་རྒྱུ་སྒུག་བཞིན་པ་ཆགས་ཡོད། གནས་སྟངས་འདི་ག་དུས་ཡོང་མིན་དང་དུས་ཚོད་ག་དུས་ཡོང་མིན་ང་ཚོས་ཚོད་དཔག་ཞུ་མི་ཐུབ། འོན་ཀྱང་དེང་སྐབས་ཀྱི་དུས་ཚོད་ལ་གཙོ་བོ་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གིས་མཛད་པ་འཕྲིན་ལས་ནམ་མཁའ་དང་མཉམ་པ་ཆགས་ཡོད། དེ་འདྲའི་ཐོག་ནས་ང་རང་ཚོར་རེ་བ་དང་གོ་སྐབས་གསར་པ་ཞིག་ཡོང་རྒྱུའི་རེ་བ་བརྒྱག་ཆོག་པ་ཞིག་ཆགས་ཀྱི་འདུག ཡིན་ནའང་བོད་པ་མང་ཚོགས་ངོས་ནས་རེ་བ་བརྒྱག་རྒྱུ་དང་གསོལ་འདེབས་ཞུ་རྒྱུ་ཁོ་ན་མིན་པར་སྒེར་སོ་སོར་འགན་གང་འདུག འགན་གང་འཁྱེར་དགོས་འདུག འགན་འཁྱེར་བའི་ཐོག་ནས་སྤྱི་ཚོགས་ནང་ཕྱག་ལས་གང་གནང་དགོས་འདུག དེ་ཚོ་སྒེར་སོ་སོར་དྲི་བ་གཏང་བའི་ཐོག་ནས་མཉམ་རུབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་མིན་གང་ཟག་རེ་བཟུང་གིས་སོ་སོ་དགའ་མིན་གྱིས་སྐད་ཆ་འདྲ་བཟོས། སྤྱི་ཚོགས་ནང་རྙོག་གཞི་ཡོང་བའི་རྒྱུ་ལྟ་བུ་བཟོ་པ་ཡིན་ན། དེས་ཕན་ལས་གནོད་ཆེ་བ་ཆགས་ཀྱི་འདུག
བོད་ནང་གི་བོད་མིའི་ལྷག་བསམ་དང་སྙིང་སྟོབས། ལ་རྒྱ་བཅས་ཀྱི་ཐོག་ལྟ་ཡོང་དུས་ཧ་ལས་པ་རེད། དེ་ཡང་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་འོག་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་སྡུག་བསྔལ་ཆགས་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་སོ་སོའི་ལྟོ་གོས་དང་འགྲོ་སྡོད་སྤྱོད་གསུམ་ལ་དཀའ་ངལ་གང་ཡང་མེད། ཕལ་ཆེ་བ་འགྲིག་ཙམ་དང་རིགས་གཅིག་ཧ་ཅང་ཡག་པོ་ཡོད། ཡིན་ནའང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་དང་ཐག་རིང་དུ་འགྲོ་མཁན་ཁག་གཅིག་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།།