༢༠༡༦ ཟླ་ ༡༢ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་ནང་བོད་མིའི་དཔལ་འབྱོར་ཞབས་ཞུ་ཚོགས་པའི་ཟབ་སྦྱོང་ཐོག་གསུང་བཤད་གནང་འདུག
དེ་ཡང་ཐེངས་འདིར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བོད་མི་གཞོན་སྐྱེས་ཁག་གཅིག་ལ་དཔལ་འབྱོར་བཀའ་བློན་མཆོག་གིས་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ། བཅས་བཀའ་ཤག་གི་ལྟ་གྲུབ་གསུམ་ནས་རང་ཁ་རང་གསོའི་ལས་གཞིའི་ཐོག་ཧ་ཅང་གལ་གནད་ཆེན་པོར་གཟིགས་ནས་ཐེངས་འདིར་ཟབ་སྦྱོང་དེ་ལྟ་བུ་གོ་སྒྲིག་གནང་ཡོད་སྟབས། ཟབ་སྦྱོང་བ་རྣམས་ནས་ཀྱང་ཟབ་ཁྲིད་གནང་སྐབས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཐོག་ནས་རིག་པ་འགྲིམས་ཏེ་དོན་གཉེར་གནང་གལ་ཆེ་སྐོར་དང་། བོད་མིའི་དཔལ་འབྱོར་ཞབས་ཞུ་ཚོགས་པ་ཞིག་འཛུགས་རྒྱུའི་དམིགས་ཡུལ་ནི་སྐབས་གོང་མའི་བཀའ་ཤག་གིས་འཆར་གཞི་བང་སྒྲིག་ཡོད་ཀྱང་། ད་ཆ་དངོས་སུ་ཚོགས་པ་དེ་འདྲ་ཞིག་འཛུགས་ཐུབ་རྒྱུའི་མཚམས་ལ་བསླེབས་ཡོད་སྟབས་ཟབ་སྦྱོང་དེ་ལྟ་བུ་ཐེངས་དང་པོ་ཆགས་ཡོད་སྐོར་སོགས་གསུངས་པ་དང་སྦྲགས། དཔལ་འབྱོར་ལས་ཁུངས་ཀྱི་བྱུང་རིམ་དང་། ལས་ཁུངས་དེའི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩེའི་བྱུང་རིམ་སོགས་ངོ་སྤྲོད་གནང་།
དེ་ཡང་ཟབ་སྦྱོང་དེ་ཉིད་གྲུབ་མཚམས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་མི་འགྲོ་ ༦ ནས་ ༧ བར་དྲག་འདེམ་གྱིས་རིང་མིན་གསར་འཛུགས་གནང་རྒྱུའི་བོད་མིའི་དཔལ་འབྱོར་ཞབས་ཞུ་ཚོགས་པའི་ལས་བྱེད་དུ་བསྐོ་གཞག་གནང་རྒྱུ་ཡིན་འདུག
གཞན་ཡང་དཔལ་འབྱོར་བཀའ་བློན་མཆོག་གིས་ཟབ་ཁྲིད་གནང་མཁན་རྒྱ་གར་དངུལ་ཁང་དང་དཔལ་འབྱོར་བསྟི་གནས་ཁང་གི་ཡན་ལག་ལས་ཁུངས་ IIBF ཀྱི་འགན་འཛིན་སྐུ་ཞབས་ཇེ་ཀེ་རཱཇ་པུ་ཏི་ Mr. J.K. Rajput ལགས་དང་། ཚོགས་མི་ཡིན་པ་སྐུ་ཞབས་ཨེ་སི་ཀེ་ཤརྨ་ Mr. S.K Sharma ལགས་བཅས་རྣམ་གཉིས་དང་ཐུག་འཕྲད་གནང་ནས་ཟབ་སྦྱོང་སྐོར་གོ་བསྡུར་གནང་འདུག་པ་བཅས།།