ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོན་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱི་རུ་ནང་པའི་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་བྱུང་བའི་བཙུན་མ་གྲངས་ ༢༠ ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་མའི་ཕྱག་འཁྱེར་གསོལ་སྩལ་མཛད་པའི་རྟེན་འབྲེལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འཚམས་འདྲི་ཞུས་པ་དང་འབྲེལ་གསུང་བཤད་གནང་དོན། གུས་ནས་དེ་རིང་དམིགས་གསལ་གཞུང་འབྲེལ་མཛད་སྒོ་འདིའི་ངོ་སྤྲོད་དང་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུ་རྒྱུ་ཡིན། དེ་ཡང་བཙུན་མ་རྣམས་ནས་བོད་ལུགས་ནང་བསྟན་གྱི་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་སྦྱངས་པ་མཐར་སོན་བྱས་ཏེ་དགེ་བཤེས་མའི་མཚན་རྟགས་ཀྱི་ལག་འཁྱེར་སྤྲོད་ལེན་བྱ་རྒྱུའི་བྱུང་རབས་འདི་བཞིན་ད་ཕན་བོད་ཀྱི་ལོ་རྒྱུས་སུ་བྱུང་མ་མྱོང་བ་ཞིག་དང་། བྱུང་རབས་འདིའི་ཐོག་ཐོག་མའི་དགོངས་གཞི་དང་བར་གྱི་བརྒྱུད་རིམ་མཐའ་མའི་གྲུབ་འབྲས་བཅས་པ་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་པ་ཞིག་ཡིན་པ་དང་། ༸རྒྱལ་བའི་བཀའ་དགོངས་ལག་ལེན་དོན་འཁྱོལ་ཐུབ་སླད་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་འགན་འཁུར་རྐང་བཞེས་ཞུས་ཡོད་པ་བཅས་ལ་བརྟེན་ནས་མཛད་སྒོ་འདི་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན།
དགེ་བཤེས་མའི་སློབ་གཉེར་ལས་རིམ་རྒྱུགས་སྤྲོད་སོགས་ལས་དོན་གང་ཅིའི་ཐོག་ཐུགས་འཁུར་རྐང་བཞེས་མཐུན་འགྱུར་དང་རོགས་སྐྱོར་ཞུ་མཁན་ཆོས་རིག་ལས་ཁུངས་ཁོ་ན་མིན་པར་བོད་ཀྱི་བཙུན་མའི་ལས་འཆར་དང་། བོད་ཀྱི་བུད་མེད་ལྷན་ཚོགས། ཕྱི་ནང་སྦྱིན་བདག་རོགས་ཚོགས། སློབ་གཉེར་བྱ་ཡུལ་འབྲེལ་ཡོད་བཙུན་དགོན་སོ་སོ་བཅས་ཀྱང་ཡོད་པ་དང་། ལྷག་པར་བཙུན་དགོན་སོ་སོའི་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་དང་རྒྱུགས་སྤྲོད་སྐབས་འབྲི་ཤོག་བཟོ་མཁན་དང་རྒྱུགས་ཞིབ་གནང་མཁན་སོགས་ཀྱི་ཆེད་དུ་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་ནས་དགེ་བཤེས་ལྷ་རམས་པ་ཇི་དགོས་ཀྱི་མཐུན་འགྱུར་གནང་ཡོད་པ་བཅས་སྤྱི་ཡོངས་ཀྱི་མཁྱེན་རྟོགས་སླད་སྙན་གསེང་ཞུ་རྒྱུ་དང་། མདོར་ན་ད་ལམ་རྒྱུགས་སྤྲོད་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བཟང་པོ་འདིའི་ཐོག་གོང་ཞུས་ཚོགས་སྡེ་རྣམས་ཀྱི་ངོས་ནས་མཐུན་འགྱུར་ཕན་གྲོགས་གང་ཟབ་གནང་ཡོད་པར་རྗེས་སུ་ཡི་རངས་ཞུས་པ་དང་ཆབས་ཅིག་ད་ལམ་གོ་སྐབས་འདིའི་བརྒྱུད་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
ད་ལྟའི་དགེ་བཤེས་མའི་ལས་རིམ་འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཇི་བཞིན་ལག་བསྟན་འགོ་འཛུགས་སླད་ཐོག་མར་སྒྲིག་གཞི་གཏན་འབེབས་དང་། བར་དུ་ལག་ལེན་དངོས་གཞི་བཅས་ཀྱི་ཐོག་དཔལ་ལྡན་ཆོས་རིག་བཀའ་ཟུར་པདྨ་ཆོས་འབྱོར་མཆོག་གིས་འདས་མ་ཐག་པའི་ལོ་བཞིའི་ནང་ཐུགས་འཁུར་དང་འབད་བརྩོན་ཧ་ཅང་ཆེན་པོ་གནང་འདུག་པས་ད་ལམ་མཛད་སྒོ་འདིར་དམིགས་བསལ་གདན་ཞུ་བྱས་པ་བཞིན། ངོ་ཕེབས་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དགེ་བཤེས་མའི་སློབ་གཉེར་བརྒྱུད་རིམ་ཐད་ནང་པའི་གཞུང་ཆེན་བཀའ་པོད་ལྔར་སྔོན་འགྲོ་དང་བཅས་པ་དུས་ཡུན་ལོ་གྲངས་བཅུ་བདུན་རིང་སློབ་གཉེར་འགྲིམས་དགོས་པ་དང་། ལོ་ཡུན་དེ་དག་གི་ལོ་རེའི་རྒྱུགས་སྤྲོད་ཀྱི་ཆ་སྙོམས་བརྒྱ་ཆ་ ༧༥ ལོན་པ་ཞིག་མ་གཏོགས་དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་ནང་ཞུགས་མི་ཆོག་པ། རྒྱུགས་རྩེ་དེ་ལྟར་ལོན་པ་རྣམས་སླར་ཡང་ལོ་བཞིའི་རིང་གཞུང་ཆེན་བཀའ་པོད་ལྔ་དང་། བོད་ཀྱི་སྐད་ཡིག་རིག་གནས། དེང་རབས་ཚན་རིག་བཅས་ལ་སློབ་སྦྱོང་བྱས་ཏེ་ལོ་རིམ་དང་པོ་ནས་བཞི་པ་བར་གྱི་རྒྱུགས་སྤྲོད་ཁག་ལེགས་པར་ཐོན་དགོས།
མདོར་ན་ཉུང་མཐར་ལོ་གྲངས་ ༢༡ རིང་སློབ་གཉེར་འགྲིམས་ཏེ་རྒྱུགས་སྤྲོད་ཁག་ལེགས་པར་ཐོན་པ་ཞིག་ལ་མ་གཏོགས་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་འཁྱེར་ཐོབ་ཀྱི་མེད། དེར་བརྟེན་སློབ་གཉེར་དང་རྒྱུགས་སྤྲོད་ཀྱི་རིམ་པ་འདི་ལྟ་བུ་ཐོན་པའི་བཙུན་མ་ཞིག་ལ་དགེ་བཤེས་མའི་མཚན་རྟགས་འབུལ་རྒྱུ་གང་ཅིའི་ཐད་ནས་འོས་ཞིང་འཚམས་པ་ཞིག་ཡིན།
དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་སྐོར་རིས་མེད་ཆོས་བརྒྱུད་རྣམ་པར་གྲོ་བསྡུར་ཞུ་སྐབས་དགེ་ལུགས་མིན་པའི་ཆོས་བརྒྱུད་ཆེན་པོ་གསུམ་དང་གཡུང་དྲུང་བོན་བཅས་ནས་སོ་སོའི་ཁྱབ་ཁོངས་བཙུན་དགོན་རྣམས་དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་གཅིག་གི་ཆོས་བརྒྱུད་ཚང་མའི་བཙུན་དགོན་ལ་ཁྱབ་མི་དགོས་པར་ཆོས་བརྒྱུད་སོ་སོར་ད་ལྟ་ཡོད་བཞིན་པའི་ལམ་སྲོལ་འོག་ནས་དགེ་བཤེས་མའི་ལག་འཁྱེར་དང་འདྲ་བའི་སློབ་དཔོན་མ་དང་། བཀའ་རམས་མ། དྲང་སྲོང་མ་བཅས་ཀྱི་མཚན་རྟགས་ཕྱག་འཁྱེར་འབུལ་རྒྱུ་ཡིན་ཚུལ་གསུངས་ཡོད་པར་བརྟེན།ད་ལྟའི་དགེ་བཤེས་མའི་མཚན་རྟགས་ཀྱི་ལམ་སྲོལ་འདི་དགེ་ལུགས་པའི་བཙུན་དགོན་ཙམ་ལ་ཁྱབ་པ་ཞིག་ཆགས་ཡོད། དེ་ལ་བརྟེན་ནས་དགེ་བཤེས་མའི་ཕྱག་འཁྱེར་ཐོག་མཚན་རྟགས་འགོད་མཁན་དུ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་ཁང་གི་ཉེ་བའི་རིག་བདག་ཤར་བྱང་ཆོས་རྗེ་བགྲེས་པ་སུ་ཡིན་དང་། ཆོས་རིག་བཀའ་བློན། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཡོད།ད་ལྟའི་ཆར་དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་ནང་ཡོད་བཞིན་པའི་བཙུན་དགོན་ཁག་དྲུག་ཡོད་པ་ནི། མོན་གྷོ་བྱང་ཆུབ་ཆོས་གླིང་དང་། རྡ་ས་དགེ་ལྡན་ཆོས་གླིང་། རྡ་ས་འཇམ་དབྱངས་ཆོས་གླིང། རྡ་ས་སྒྲོལ་གླིང་། བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་གླིང་། བལ་ཡུལ་སྐྱིད་རོང་ཐུགས་རྗེ་ཆོས་གླིང་བཅས་ཡིན། ད་ཆ་ཕྱི་ལོ་ ༢༠༡༦ ལོར་དགེ་བཤེས་མ་ཐོན་མཁན་བཙུན་མ་གྲངས་ཉི་ཤུ་ཐམས་པ་ཡོད་པ་མོན་གྷོ་བྱང་ཆུབ་ཆོས་གླིང་ནས་བཙུན་མ་གྲངས་ལྔ། བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་ནས་བཙུན་མ་གྲངས་གཉིས། རྡ་ས་འཇམ་དབྱངས་ཆོས་གླིང་ནས་བཙུན་མ་གྲངས་དྲུག རྡ་ས་སྒྲོལ་མ་གླིང་ནས་བཙུན་མ་གྲངས་དྲུག དགེ་ལྡན་ཆོས་གླིང་ནས་བཙུན་མ་གྲངས་གཅིག་བཅས་རེད་འདུག་ཞུ་རྒྱུ་ཡིན། འཆར་ལོ་ཕྱི་ལོ་ ༢༠༡༧ ལོའི་ནང་དགེ་བཤེས་མའི་རྒྱུགས་སྤྲོད་ནང་རྒྱུགས་སྤྲོད་ཐོན་མཁན་བཙུན་མ་གྲངས་དྲུག་དང་། ཕྱི་ལོ་ ༢༠༡༨ ལོར་བཙུན་མ་གྲངས་བཅུ། ཕྱི་ལོ་ ༢༠༡༩ ལོར་བཙུན་མ་གྲངས་བརྒྱད་བཅས་འདུག་པ་དང་། ཕྱི་ལོ་ ༢༠༢༠ ལོར་བཙུན་མ་གྲངས་བཅུ་ནས་བཅོ་ལྔ་བར་ཡོང་བཟོ་འདུག་པ་བཅས་གནས་ལུགས་སྙན་གསེང་སྙིང་བསྡུས་ཞུ་རྒྱུ་འདི་ལྟར་ཡིན། ཐུགས་རྗེ་ཆེ།།