༢༠༡༦ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པ།
༄༅། །བོད་རྒྱལ་ལོ་ ༢༡༤༣ ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ཀྱི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༧ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ལེགས་པར་གྲུབ་བསྟུན། ཚོགས་བཅར་བ་རྣམས་མཛད་སྒོ་འཚོགས་ཡུལ་ས་གནས་དེར་མུ་མཐུད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་ཡོད། དེ་ཡང་མཆོད་འབུལ་སྨོན་ལམ་དེ་ནི་ཕྱི་ཚེས་ ༨ ཉིན་བོད་མི་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་བ་དང་།
དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་མ་ཟད། དགོན་པའི་དགེ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་གཏོང་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་ཆེད་ཡིན་འདུག སྐབས་དེར་དཔལ་ལྡན་ཚོགས་གཙོ་མཚོག་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་གཞུང་འབྲེལ་མཛད་སྒོ་གྲོལ་ནས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་མཛད་སྒོའི་སྐབས། གཞིས་ལུས་བོད་མི་རྣམས་ཀྱི་དཀའ་སྡུག་ལ་ང་ཚོས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་རེད། སྤྱིར་ང་རང་ཚོ་ཕྱི་ལ་ཡོད་པའི་བོད་མི་རྣམས་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་གནས་བཞིན་ཡོད། ང་ཚོའི་ལུང་པ་དེ་རྒྱ་ནག་གཞུང་གིས་བཙན་བཟུང་འོག་གནས་བསྡད་པ་ཞིག་ཆགས་ཡོད། བཙན་བཟུང་བྱས་ནས་ད་བར་མི་ལོ་ ༦༠ ཉེ་བ་ཆགས་བཞིན་ཡོད། དེར་བརྟེན་སྤྱིར་སྟངས་འཐབ་རྩོད་གནང་མཁན་གྱི་མི་རིགས་གཅིག་གི་ངོ་བོའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། དུས་ཡུན་དེ་ཙམ་རིང་པོ་ཞིག་མ་རེད། འོན་ཀྱང་མི་གཅིག་གི་མི་ཚེའི་ནང་གི་ལོ་ཚད་ལ་བསམ་བློ་གཏོང་སྐབས་ལོ་ ༦༠ ལ་ཉེ་བ་ཟེར་སྐབས་མི་ཚེ་རྫོགས་མཚམས་ལྟ་བུར་བསླེབས་པ་ཞིག་ཡིན། དེའི་རིང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས། ཁོར་ཡུག་དང་བཅས་བོད་མིས་གཅེས་པར་འཛིན་པའི་དངོས་པོ་གང་ཡིན་ཐོག་སྟངས་འཛིན་དམ་བསྒྲགས་བྱས་དང་བྱེད་མུས་ཡིན། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་གང་ལའང་མི་མཐུན་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཡོང་སྐབས་དེར་ང་ཚོས་ངོས་ནས་རྣམ་འགྱུར་ཞིག་བསྟན་དགོས་པ་འདི་ལྟ་གྲུབ་དང་ལངས་ཕྱོགས། དེ་བཞིན་འགན་ཞིག་ཡོད་པ་ཆ་ནས་འོས་ཤིང་མཚམས་པ་ཞིག་ཆགས་ཡོད།
དེར་བརྟེན་གཙོ་བོ་གཞིས་ལུས་བོད་མིའི་ཐོག་ནས་ལྷག་བསམ་དང་ལ་རྒྱ། རང་གི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པར་བློས་གཏོང་གནང་ཐུབ་ཀྱི་ཡོད། དེར་བརྟེན་ཁོང་རྣམ་པའི་བློ་སྟོབས་དང་ལྷག་བསམ་བཅས་ལ་ང་ཚོས་བསྔགས་བརྗོད་དང་གུས་བཀུར་ཞུ་དགོས་པའི་དུས་ཚོད་གཅིག་ཆགས་ཡོད། བོད་ས་ཤོར་ཟིན་རྗེས་ཕྱི་ལོ་ ༡༩༨༠ འགོ་སྟོད་དང་། ཕྱོགས་མཚུངས་ཕྱི་ལོ་ ༢༠༠༨ ། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༤༥ ཙམ་གྱིས་རང་གི་སྐུ་ལུས་མེར་སྲེག་བཏང་ནས་སྐུ་ལུས་ལ་མེ་འབར་བཞིན་པའི་སྐབས་སྡུག་བསྔལ་དྲག་པོ་ཡོད་བཞིན་དུ། རང་གི་ཀུན་སློང་ནང་ཡོད་པའི་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་མི་རྣམས་ལ་རང་དབང་དགོས་པའི་འབོད་སྒྲ་དེ་དག་རང་ལུས་མེས་འཚིག་བཞིན་ཡོད་ནའང་ངག་ནས་དགོས་འདུན་དེ་དག་བརྗོད་ཐུབ་བཞིན་ཡོད།
བོད་མི་ ༡༠༠ ལྷག་ཙམ་རང་ལུས་མེར་སྲེག་གནང་རྗེས་འདས་གྲོངས་སུ་གྱུར་ཡོད། ད་དུང་རིགས་གཅིག་གི་གནས་སྟངས་ཇི་ཡིན་དང་། ད་ལྟ་གང་དུ་ཡོད་མེད་ང་ཚོས་རྩད་གཅོད་ཐུབ་མེད། འོན་ཀྱང་ཁོང་རྣམ་པའི་མངོན་འདོད་དེ་དག་མངོན་འགྱུར་ཡོང་ཆེད་ང་ཚོའི་ངོས་ནས་དུས་རྒྱུན་དུ་མ་བརྗེད་པའི་ཐོག་ནས་རང་ནུས་གང་ཡོད་ཀྱི་ཐབས་ལམ་འདྲ་མིན་ཐོག་འབད་བརྩོན་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་བཞིན་འདུག
དེ་རིང་ང་ཚོ་འདིར་འཛོམས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་གསེར་རྟ་བླ་རུང་སྒར་དང་འབྲེལ་བའི་ཐོག་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཞིག་དང་། མདོ་སྨད་རྨ་ཆུ་རྫོང་དུ་བོད་མི་བཀྲ་ཤིས་རབ་བརྟན་ཞུ་བ་ཁོང་གིས་རང་ལུས་མེར་སྲེག་གནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཕལ་ཆེར་གསལ་པོ་འདུག དེར་བརྟེན་ཁོང་རྣམ་པར་ང་ཚོས་དུས་རྟག་ཏུ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། དེ་རིང་མཆོད་འབུལ་སྨོན་ལམ་འཚོགས་རྒྱུའི་གོ་སྐབས་བྱུང་ཡོད།
ཉེ་ལམ་བཀའ་སྤྱི་ལྷན་རྒྱས་ཚོགས་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཐག་གཅོད་བྱུང་བ་ཞིག་རེད། ཆོས་ཕྱོགས་ནས་གསུང་སྐབས་ང་ཚོ་སོ་སོའི་དགེ་བའི་རྩ་བ་ཕྲ་མོ་ཙམ་ཡང་བསགས་པ་ཡིན་ན་དུས་གསུམ་གྱི་དགེ་བའི་རྩ་བ་དང་ཕྱོགས་གཅིག་ཏུ་བསྡོམས་ནས་འཚང་རྒྱ་ཐུབ་པའི་བསྔོ་སྨོན་ཞིག་ཆགས་ཐུབ་པའི་དགེ་བའི་རྩ་བ་རླབས་པོ་ཆེ་ཞིག་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་སྦྲགས། ཚོགས་བཅར་བ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆུ་ཞུས་འདུག