༢༠༡༦ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་གོ་སྒྲིག་དང་རྒྱུ་གྲོན་མཐུན་རྐྱེན་གཙོ་བོར་སྦྱར་བའི་སྟེང་འབྲས་སྤུངས་བླ་སྤྱི་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་ནས་རམ་འདེགས་མཐུན་འགྱུར་གནང་བ་བརྒྱུད་ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་གྱི་འབྲེལ་ལམ་འཛུགས་པ། ཞེས་པའི་ཨེ་མོ་རི་དང་བོད་ཀྱི་ཆེད་བསྡུས་ནང་ཆོས་དང་ཚན་རིག་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་པོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་མཆོག་གིས་དབུས་གདན་ས་ཁག་གི་མཁན་པོ་དང་མཁན་ཟུར། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཟུར་པདྨ་ཆོས་འབྱོར་མཆོག རྒྱལ་སྤྱིའི་རིམ་པར་མིང་གྲགས་ཅན་གྱི་ཚན་རིག་པ་ཆེད་མཁས་ཁག་གཅིག ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བ་དེང་རབས་ཚན་རིག་ལ་སྦྱངས་པ་ཅན་ཁག་གཅིག དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་དང་མོན་གྷོ་འདོད་རྒུ་གླིིང་གཏན་སློབ་བཅས་ལྷན་འཛོམས་ཐོག་བགྲོ་གླེང་ཚོགས་འདུ་དབུ་འཛུགས་ཀྱིས་ཐོག་མར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
བཀུར་འོས་སྤུན་ཟླ་ཕོ་མོ་རྣམ་པ། དེ་རིང་འདིར་གནས་དང་དུས་ཁྱད་པར་ཅན་དེ་འདྲ་ཞིག་ལ་ང་ཚོ་སླར་ཡང་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུའི་མཛད་རིམ་ཞིག་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་འཁུར་བླངས་ཏེ་ཚོགས་རྒྱུ་བྱུང་བ་རེད། འདིའི་བྱུང་རིམ་ཕྲན་བུ་ཞུ་འདོད་བྱུང་། སྤྱིར་སངས་རྒྱས་པའི་ཆོས་ཟེར་རྒྱུ་འདི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བསྐོར་དང་པོའི་སྐབས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུངས་པ་རེད། ད་ལྟ་དངོས་ཡོད་གནས་ཚུལ་ཐོག་ནས་འགྲེལ་བཤད་སྐྱོན་གྱི་འདུག དེར་བརྟེན་སངས་རྒྱས་པའི་ཆོས་ཟེར་རྒྱུ་འདི་སངས་རྒྱས་དང་། དཀོན་མཆོག་ལ་གསོལ་བ་འདེབས་ནས་སྒང་ནས་མར་དངོས་གྲུབ་སྦྱིན་རྒྱུའི་སྐད་ཆ་མ་རེད།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་ཡོད།
གང་ལྟར་ཡིན་ལུགས་ཤེས་པར་བྱེད། ཡིན་ལུགས་བརྗོད་སྐབས་མཐར་ཐུག་གི་ཡིན་ལུགས་གཅིག་པུ་མ་རེད། སྤྱིར་བཏང་ང་ཚོའི་ཕན་གནོད་ཡོང་རྒྱུའི་ཐ་སྙད་པའི་ཡིན་ལུགས་དེ་དག་ཤེས་དགོས་རྒྱུ་ཞིག་གསུང་གི་འདུག དེར་བརྟེན་མི་རྟག སྡུག་བསྔལ། སྟོང་། བདག་མེད། ཅེས་གསུང་བཞིན་ཡོད། རྒྱུ། ཀུན་འབྱུང་། རབ་སྐྱེས། རྐྱེན། གསུང་བཞིན་ཡོད། དེ་ནས་མར་ཏོག་ཙམ་མཁྲེག་ཏུ་ཕྱིན་ནས། འགོག་པ། ཞི་བ། གྱ་ནོམ་སོགས་གསུང་བཞིན་འདུག འགོག་བདེན་ངོ་སྤྲོད་སྐབས་སངས་རྒྱས་ཀྱི་ཆོས་རང་ལ་བསླེབ་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞི་དངོས་པོའི་གནས་ཚུལ་ཞིག་གཞི་ལ་བཞག་ནས་གཞིའི་གནས་ཚུལ་དེ་དང་འབྲེལ་ནས་བློ་རིམ་པས་ཇི་ལྟར་སྦྱང་རྒྱུ་ཡོད་པ། སྦྱང་ནས་འབྲས་བུ་གང་འདྲ་ཡོང་རྒྱུ་ཡོད་པ་དེ་དག་གསུང་ཡོང་གི་འདུག དེར་བརྟེན་གཞི་དངོས་པོའི་གནས་ཚུལ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གཞི་དངོས་པོའི་གནས་ཚུལ་གཏན་ལ་དབབ་རྒྱུ་ཡོད་སྟབས་དེའི་ནང་ཕྱིའི་བཟུང་བ་དང་ནང་གི་འཛིན་པ་གཉིས་སུ་ཕྱེ་བའི་ཕྱིའི་བཟུང་བའི་རྣམ་གཞག་དེ་དག་ནི་ཚན་རིག་པའི་ཐོག་ནས་གང་ཙམ་ཞིབ་ཚགས་པོ་དང་སྤུས་དག་པོ་འགྲེལ་བཤད་རྒྱག་རྒྱུ་ཡོད། ང་ཚོའི་གཞུང་ནང་ཡོད་པ་དེ་ཚོའི་གྲས་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་ནང་གྲགས་ཚུལ་དང་རགས་པ་ཙམ་མ་གཏོགས་ཞིབ་ཚགས་པོ་མེད། ཚན་རིག་པའི་ཐོག་ནས་ཕྱིའི་བཟུང་བའི་རྣམ་གཞག་བཤད་ཡོང་དུས། མཐར་རྡུལ་ཕྲ་རབ་ Quantum Physics སྟེང་སླེབ་ཡོང་སྐབས་ངོ་མཚར་ཆེན་པོ་འདུག
ནང་པའི་མཁས་པ་ཚོ་ཞིབ་འཇུག་བྱེད་རྒྱུ་ནི་སྒོམ་བརྒྱབ་ནས་ཡོང་གི་ཡོད་སྟབས་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་དཔྱད་སྒོམ་ལ་བརྟེན་ནས་དེ་ལྟར་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད། ཚན་རིག་པ་ཐོག་ནས་ཡོ་ཆས་དང་འཕྲུལ་ཆས་དེ་འདྲ་བེད་སྤྱོད་བྱས་ནས་ཞིབ་ཚགས་པོའི་ཐོག་ནས་བརྟག་དཔྱད་བྱེད་རྒྱུ་དེ་འདྲ་འདུག འདི་ཚོའི་གྲས་ཧ་ཅང་ཕན་ཐོགས་ཡོད་པ་ཐུན་མོང་མ་ཡིན་པ་རེད་འདུག འདས་པའི་ལོ་སུམ་ཅུ་ལྷག་ནས་ཚན་རིག་པ་དང་འབྲེལ་བ་མང་པོ་བྱུང་སྟབས། ཚན་རིག་པའི་ནང་ནས་ནང་སེམས་ཁམས་རིག་པའི་སྐོར་ནི་སྤྱིར་རྒྱ་གར་གྱི་སེམས་ཁམས་རིག་པ་དང་། དེའི་ནང་ནས་དཔལ་ནཱ་ལེནྡྲའི་མཁས་དབང་ཚོས་གཏན་ལ་ཕབ་པའི་སེམས་ཁམས་རིག་པའི་སྐོར་ནི་ལེགས་བཤད་གསར་པ་བཟོ་འདྲ་བོ་ཞིག་ལ་མཐོང་ནས་དེར་དོ་སྣང་བྱེད་བཞིན་འདུག
སྤྱིར་སངས་རྒྱས་ཀྱི་ཆོས་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་གཙོ་བོ་རིག་པའི་སྒྲུབ་བྱེད་ལ་བརྟེན་ནས་འགྲོ་རྒྱུ་ཞིག དེའི་ཁུངས་བཅོལ་ས་ནི་བཅོམ་ལྡན་འདས་རང་གི་བཀའ་དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།།ཞེས་གསུངས་ཡོད།
སྤྱིར་ངོས་ལ་ཆ་བཞག་ན། འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་གུས་ཞབས་བྱེད་ཀྱི་ཡོད། གཞན་ལ་ཕན་པ་དང་བྱམས་བརྩེའི་བསླབ་བྱ་ལྡན་པ་གཅིག་གྱུར་རེད། འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གཅིག་མཚུངས་གསུང་གི་ཡོད། ལྟ་གྲུབ་ཐོག་ནས་བཤད་པ་ཡིན་ན། མི་འདྲ་བ་ཡོད། དེའི་ནང་ནས་སངས་རྒྱས་པའི་ལྟ་གྲུབ་དང་གཅེར་བུ་བའི་ལྟ་གྲུབ་གཉིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། ཕལ་ཆེར་གྲངས་ཅན་ལྷ་མེད་པས་འཇིག་རྟེན་བཀོད་པ་པོ་མི་འདོད། སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཤེར་ཕྱིན་གྱི་གཞུང་རྩ་བར་བཞག་ནས་སྡེ་སྣོད་གསུམ་གྱི་རྣམ་གཞག་གསུང་ཡོང་དུས་ཧ་ལས་པ་རེད་འདུག རིག་པ་དང་ལྡན་པ། ཇི་ཙམ་རིག་པས་དཔྱད་པ་དེ་ཚོད་ཀྱི་ངེས་པ་བགྲང་རྒྱུ་ཡོད་པ། དེ་ལྟ་བུའི་གཞུང་ནང་སེམས་ཁམས་རིག་པའི་སྐོར་ཡོད་པ་འདི་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་ནས་ང་ཚོས་བསླབ་བྱ་གསར་པ་བླང་རྒྱུ་ཡོད་པ་དང་། ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ནས་ང་ཚོར་གྱོང་གང་དུ་རག་པ་རེད་ཅེ་ན། རི་རབ་ལ་གྱོང་རག་པ་རེད། ངོས་ཀྱི་རི་རབ་ཁས་བླང་གི་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
སྤྱིར་ཉིན་གྲངས་གསུམ་གི་བགྲོ་གླེང་ཚོགས་འདུའི་རིང་ལྟ་གྲུབ་རིག་པ་དང་། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། དབང་རྩ་ཚན་རིག ཆོས་དང་མ་འབྲེལ་བའི་བཟང་སྤྱོད་རིག་པ་སོགས་ཀྱི་སྐོར་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་མ་ཟད། གསུང་བཤད་གནང་མཁན་དང་བགྲོ་གླེང་བ་དང་ལྷན་དྲི་བ་དྲིས་ལན་དང་། དགེ་འདུན་པའི་ཚན་རིག་འགྲེམས་སྟོན། སྒོམ་སྒྲུབ་དང་འབྲེལ་བའི་ཞིབ་འཇུག་སྐོར་གྱི་གླེང་མོལ་སོགས་གནང་རྒྱུ་ཡིན་འདུག་པ་བཅས།།