༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་མེ་སོར་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་གྲོང་ཁྱེར་མེ་སོར་དུ་རྟེན་གཞི་བྱས་པའི་རྒྱ་གར་ནང་གི་གཙུག་ལག་སློབ་གཉེར་ཁང་རྙིང་ཤོས་གྲས་མེ་སོར་གཙུག་ལག་སློབ་གཉེར་ཁང་ University of Mysore,Mysuru བཙུགས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་དང་། གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་དགའ་སྟོན་ཐེངས་དགུ་བཅུ་གོ་བདུན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཇི་ལྟར་སྔོན་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གཙུག་ལག་སློབ་གཉེར་ཁང་གི་ Crawford Hall ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་སློབ་ཕྲུག་ཁག་གཅིག་ལ་ཕྱག་འཁྱེར་གསོལ་སྩལ་དང་འབྲེལ་བཀའ་སློབ་སྩལ་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་ཀར་ཎ་ཊ་ཀ་མངའ་སྡེའི་གཙོ་འཛིན་དང་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ Chancellor སྐུ་ཞབས་ཝ་ཇུ་བྷའི་རུ་ད་བྷའི་ཝ་ལ་ Sri Vajubhai Rudabhai Vala མཆོག་དང་། ཀར་ཎ་ཊ་ཀ་མངའ་སྡེའི་ཆེས་མཐོའི་ཤེས་ཡོན་བློན་ཆེན་སྐུ་ཞབས་བྷ་ས་ཝ་རཱ་ཇ་ར་ཡ་རེ་ཌི་ Sri Basavaraja Rayareddy མཆོག ཉེ་བའི་རིགས་བདག་ Vice Chancellor སློབ་དཔོན་ཀེ་ཨེས་རངྒ་གྷ་པ་ Prof.K.S.Rangappa ལགས་བཅས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་ཚོགས་ཁང་ནང་༸ཞབས་སོར་འཁོད་བསྟུན། ཚང་མ་སྐུ་བཞེངས་ཐོག་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་གཙུག་ལག་སློབ་གྲྭས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུ་ཆེད་ཐོག་མར་མགོན་པོ་གང་ཉིད་མཆོག་གི་༸སྐུའི་མཛད་རྣམ་སྙིང་བསྡུས་ཤིག་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་མཆོག་གིས་སྙན་སྒྲོན་ཞུས། དེ་རྗེས་གཙུག་ལག་སློབ་གྲྭའི་རིགས་བདག་གིས་༸གོང་ས་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་ Honoris Causa དང་དྲན་རྟེན་ཕྱག་ཚོད་བཅས་འབུལ་ལམ་ཞུས།
དེ་ནས་༸གོང་ས་མཆོག་གིས་སློབ་མ་ཁག་གཅིག་ལ་ཕྱག་འཁྱེར་གསོལ་རས་སྩལ་ཏེ་བཀའ་སློབ་སྩལ་དོན། ངོས་ཀྱི་རྒྱུན་ལྡན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཤིག་ཡིན་བསམ་བཞིན་ཡོད་པ་ལས་སྤྱི་ཚོགས་ནང་གོ་རིམ་མཐོ་དམའ་སོགས་ལ་གལ་ཆེན་པོ་གང་ཡང་བརྩི་ཀྱི་མེད། སྤྱིར་ང་ཚོའི་དབར་རིགས་རུས་དང་ཐོབ་གོ་ས། ཆོས་དད་ཡོད་མེད། དེ་བཞིན་རིག་གཞུང་སོགས་མི་འདྲ་བའི་ཁྱད་པར་ཡོད་ཀྱང་དེ་དག་གྲལ་རིམ་གཉིས་པ་ཆགས་ཡོད། གལ་ཆེ་ཤོས་འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་རིགས་གཅིག་པ་ཆགས་ཡོད།
ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་པར་བརྟེན་བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་ལས་གྲོལ་ཐབས་བྱ་རྒྱུ་ནི་འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མའི་གཞི་རྩའི་ཐོབ་ཐང་ཡིན། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས། རང་ཉིད་ཙམ་མིན་པར་གཞན་གྱི་བདེ་སྡུག་ལའང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། གཞན་དང་མཐུན་སྒྲིལ་ཐོག་ནས་བྱམས་བརྩེའི་བསམ་བློ་སྐྱེ་ཐུབ། མཐུན་སྒྲིལ་ཡོང་བར་ཡིད་ཆེས་དགོས། ཡིད་ཆེས་ནི་འགྲོ་བ་མིའི་བཟང་པོའི་རིན་ཐང་ཐོག་ནས་ཡོང་དགོས། ངོས་ཀྱི་དེ་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད། ཅེས་བརྗོད་བཞིན་ཡོད། སེམས་ཀྱི་ཞི་བདེ་ནི་སྨོན་ལམ་བརྒྱབ་ནས་སྒྲུབ་ཐབས་མེད། སེམས་ཀྱི་ཞི་བདེ་ནི་བསམ་བློར་སྦྱོང་བརྡར་སྤྲད་ནས་ཡོང་དགོས། དེང་དུས་ཤེས་ཡོན་ལམ་ལུགས་ནང་མིའི་ནང་སེམས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་གོང་སྤེལ་དང་ཇེ་བཟང་དུ་གཏོང་རྒྱུའི་སྐད་ཆ་གང་ཡང་མེད། འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཆོས་ཁས་མི་ལེན་མཁན་ཡང་ཡོད།
དེར་བརྟེན་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་དེ་དག་ཆོས་ཁས་ལེན་མིན་ཚང་མར་རིས་མེད་ཐོག་ནས་ཁྱབ་ཐུབ་པ་ཞིག་བྱེད་དགོས། རིས་མེད་ཀྱི་ལྟ་ཚུལ་དེ་རྒྱ་གར་སྲོལ་རྒྱུན་ནས་དར་ཡོད། རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ནང་རིས་མེད་བརྗོད་སྐབས་ཆོས་ལུགས་ཚང་མར་གུས་འདུད་བྱེད་དགོས་པ་ཙམ་དུ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བརྩི་ཞུ་དགོས་པའི་ལྟ་ཚུལ་དེ་རེད། དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་མིའི་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་ཐབས་ལམ་སྐོར་འཇོག་དགོས། དེ་ནི་ཆོས་ལུགས་ལ་མ་བརྟེན་པར་ཚན་རིག་གི་གྲུབ་དོན་གཞིར་བཞག་དགོས། བྱམས་བརྩེ་ནི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པར་བརྟེན་ང་ཚོ་སྐྱེས་ཙམ་ཉིད་ནས་མའི་བྱམས་བརྩེའི་འོག་འཚོ་སྐྱོང་བྱས་ཡོད་སྟབས། གཞན་ལ་བྱམས་བརྩེ་སྤེལ་རྒྱུའི་ནུས་པ་དེ་རང་ཆས་སུ་ལྡན་ཡོད།
ང་ཚོ་ཚང་མ་རང་གི་མ་ལས་སྐྱེས་ཤིང་མའི་ནུ་ཞོ་ལ་བརྟེན་ནས་འཚར་ལོངས་བྱུང་ཡོད་སྟབས་མིའི་ལྷན་སྐྱེས་སུ་བྱམས་བརྩེའི་གོམས་པ་ཤུགས་ཆེན་པོ་ཡོད། ངོས་རང་དེ་རིང་འདིར་རྒྱལ་ཁབ་འདིའི་གཙུག་ལག་སློབ་གཉེར་ཁང་རྙིང་ཤོས་གྲས་ཀྱི་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོར་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་བྱུང་། མངའ་སྡེ་འདིའི་ནང་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་དང་ནི་ཅི་ལིངྒ་པ་མཆོག་གི་སྐབས་ནས་བཟུང་ཕལ་ཆེར་སྐྱབས་བཅོལ་བོད་མི་སྟོང་ཕྲག་བཞི་བཅུ་ལྔ་བཅུ་ལྷག་གནས་སྡོད་བྱེད་བཞིན་ཡོད། ཁོང་རྣམ་གཉིས་ལ་བརྟེན་ནས་མངའ་སྡེ་འདི་དང་ང་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཚུགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།