༢༠༡༦ ཟླ་ ༡༢ ཚེས་ ༦ རེས་གཟའ་མིག་དམར།
སྐབས་དེར་༸གོང་ས་མཆོག་གིས་གཞིས་ལུས་བོད་མི་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་མི་རབས་གསུམ་རིང་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་ཀྱང་། ད་དུང་བོད་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་རྩ་བ་ནས་མ་དོར་བར་སེམས་ཤུགས་རི་བཙུགས་པ་ལྟ་བུ་བྱས་ནས་ད་བར་བསྡད་པ་རེད། དེར་བརྟེན་ཇི་ཙམ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་བྱས་པ་དེ་ཚོད་ཀྱིས་བོད་མི་རྣམས་ད་དུང་སེམས་ཤུགས་ཆེ་རུ་དང་ཆིག་སྒྲིལ་གྱི་འདུ་ཤེས་ཇེ་བརྟན་དུ་འགྲོ་བཞིན་ཡོད། སྤྱིར་སྟངས་བྱས་ན་ཕྱི་ལོ་ ༡༩༥༦ ཙམ་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་བོད་མི་རྣམས་དཀའ་ངལ་འོག་གནས་པ་མ་ཟད།
ལྷག་པར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱས་པ་ནས་དུས་ཕྱིས་སུ་རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་སྐབས་བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱངས་པ་དང་། མགོན་པོ་གང་ཉིད་མཆོག་ཀྱང་སྐུ་གཞོན་ནུས་དུས་ནས་དཀའ་ངལ་ཧ་ཅང་འཕྲད་གནང་མཛད་པའི་ཁར་བོད་མི་ཚོས་རེ་བ་བཅོལ་ས་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྟབས། རེ་ཐག་ཆད་ནས་བསྡད་པ་ལས་ནང་ཆོས་ནས་གསུང་པའི་སེམས་སྐྱེད་ཉམས་ལེན་ཐོག་བསམ་བློ་གཏོང་སྐབས་སེམས་ནང་དེ་ཙམ་དངངས་སྐྲག་མི་ཡོང་བ་དང་། སེམས་ཞི་བདེ་ལྡན་པའི་ཏོག་ནས་གནས་ཐུབ་བཞིན་ཡོད་སྐོར་བཀའ་སློབ་སྩལ།
དེ་ཡང་༸གོང་ས་མཆོག་གིས་སྐབས་དེར་བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་སློབ་གཉེར་བྱེད་ནས་མི་ཉམ་རྒྱུན་འཛིན་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན། ང་ཚོས་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས། དཔལ་ན་ལེནྜ་ནས་བརྒྱུད་པའི་ནང་པའི་གཞུང་ལུགས་ཟབ་ཅིང་རྒྱ་ཆེ་བ་དེ་དག་ལ་ང་ཚོས་རིག་པའི་བརྡར་ཤ་གཅོད་དགོས། གཞན་ཁ་འདོན་དང་ཆོ་ག་ཕྱག་ལེན་ཟེར་བ་དེ་གཅིག་པོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དཔལ་ན་ལེནྜ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་ལ་མཚོན་ན་དེང་དུས་ཚན་རིག་དང་དཔུང་པ་མཉམ་བཤིབ་ཐོག་ནས་འགྲོ་ཐུབ་པ་ཞིག་ཆགས་ཡོད་སྟབས། ངོས་ཀྱིས་འདས་པའི་མི་ལོ་ ༣༠ རིང་ཚན་རིག་པ་ཧ་ཅང་མང་པོ་ཐུག་པ་རེད།
ཐོག་མའི་སྐབས་གདན་སའི་མཁན་པོ་དང་མཁས་དབང་ཁག་གཅིག་གིས་ཚན་རིག་པ་དང་འབྲེལ་བ་བྱ་རྒྱུ་དེར་ཏོག་ཙམ་དོགས་ཟོན་གནང་ཡོད། ད་ཆ་ངོས་རང་ཚན་རིག་གི་བསམ་བློ་ལྡན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཞིག་ཡིན། ཞེས་བརྗོད་ཀྱི་ཡོད། དེ་སྔ་ཕྱི་ལོ་ ༡༩༥༤ ལོར་མའོ་ཙེ་ཏུང་དང་ཐུག་སྐབས་ཁོང་གིས་ངོས་ལ། ཁྱེད་རང་གི་བསམ་བློ་གཏོང་སྟངས་འདི་རིག་པའི་ལམ་ནས་དཔྱད་པ་བྱེད་མཁན་ཞིག་ཡིན་སྟབས།་ཚན་རིག་པའི་བསམ་བློ་གཏོང་སྟངས་ཤིག་རེད། ཅེས་གསུངས་བྱུང་། འོན་ཀྱང་ཕྱིས་སུ་ཁོང་གིས་ཆོས་དུག་རེད། ཅེས་བཤད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། བོད་མི་ཚོས་རྒྱ་ནག་མི་མང་དང་རྒྱ་མི་རིགས་ལ་གྲོགས་པོའི་འདུ་ཤེས་ཐོག་ནས་འབྲེལ་བ་བྱེད་དགོས་པ་གལ་ཆེ་སྐོར་བཀའ་སློབ་སྩལ་ཡོད་པ་བཅས།།