༢༠༡༦ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་གཙུག་ལག་ཁང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་གོ་སྒྲིག་དང་རྒྱུ་གྲོན་མཐུན་རྐྱེན་གཙོ་བོར་སྦྱར་བའི་སྟེང་འབྲས་སྤུངས་བླ་སྤྱི་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་ནས་རམ་འདེགས་མཐུན་འགྱུར་གནང་བ་བརྒྱུད་ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་གྱི་འབྲེལ་ལམ་འཛུགས་པ་ཞེས་པའི་ཨེ་མོ་རི་དང་བོད་ཀྱི་ཆེད་བསྡུས་ནང་ཆོས་དང་ཚན་རིག་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ་བཞིན་མཇུག་བསྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཡོལ་ཙམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་མཆོག སྐྱབས་རྗེ་ཟོང་མཆོག་སྤྲུལ་རིན་པོ་ཆེ་མཆོག ཀུན་བདེ་གླིང་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག གདན་ས་ཁག་གི་མཁན་པོ་དང་མཁན་ཟུར། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཟུར་དང་ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག རྒྱལ་སྤྱིའི་ཐོག་གྲགས་ཅན་གྱི་ཚན་རིག་པ་ཆེད་མཁས་ཁག་གཅིག གྲྭ་ཚང་ཁག་གི་དཔེ་འཁྲིད་དགེ་རྒན་རྣམ་པ། བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བ་དེང་རབས་ཚན་རིག་ལ་སྦྱངས་པ་ཅན་ཁག་གཅིག དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་ནས་ཕེབས་པའི་གྲྭ་བཙུན་དང་མོན་གྷོ་འདོད་རྒུ་གླིང་གཏན་སློབ་ཀྱི་སློབ་ཕྲུག་སོགས་ལྷན་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
མཆེད་གྲོགས་ཕོ་མོ་ལྷན་རྒྱས་ཡོངས་ལ་ཞུ་རྒྱུར། ཉིན་གྲངས་གསུམ་རིང་འདིར་གསུང་བཤད་དང་དོགས་གཅོད་གནང་མཁན་ཡོངས་ནས་ཐུགས་འཁུར་ཆེན་པོ་བཞེས་ཏེ་ལྷག་བསམ་རྣམ་དག་ཐོག་ནས་གསུང་བཤད་དང་དོགས་གཅོད་གནང་བ་བྱུང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཚན་རིག་པ་དང་མཉམ་དུ་དང་པོ་ཚོགས་པའི་སྐབས་སུ་ངོས་ཀྱི་དམིགས་ཡུལ་གཉིས་བྱས་ནས་ཚོགས་པ་རེད། དང་པོ་ནི། དེ་སྔ་ཕན་ཆད་ཚན་རིག་པ་ཚོས་ཕྱི་དངོས་པོར་ཉམས་ཞིབ་བྱེད་རྒྱུ་གཙོ་བོར་བྱས་ནས་སེམས་ཁམས་རིག་པའི་སྐོར་དེ་ཙམ་ཉམས་ཞིབ་བྱས་མེད། ད་ལྟ་གཞི་ནས་ཉམས་ཞིབ་བྱེད་རྒྱུ་འགོ་འཛུགས་ཞུ་བཞིན་ཡོད། དེར་བརྟེན་སངས་རྒྱས་པའི་གཞུང་གི་ནང་ནས་གཙོ་བོ་རྒྱ་གར་གྱི་སྔོན་གྱི་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་དང་རྒྱས་པོ་ཡོད། དེ་འདྲའི་ཐོག་ནས་ཕན་ཚུན་གོ་བསྡུར་བྱེད་ཡོང་སྐབས་དངོས་ཁམས་རིག་པའི་སྐོར་ལ་སངས་རྒྱས་པའི་ཆོས་པ་ཚོ་ལ་ཚུར་བསླབ་རྒྱུ་དང་ཚན་རིག་པ་ཚོ་ལ་རྒྱ་གར་གྱི་སྔོན་གྱི་སེམས་ཁམས་རིག་པའི་སྐོར་ཕར་ཕྲན་བུ་རྣམ་དཔྱོད་གསར་པ་སླེབ་རྒྱུའི་ཕན་ཐོགས་ཕྲན་བུ་ཡོད། གང་ལྟར་འདི་ནི་ཤེས་ཡོན་མུ་མཐུད་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་གཅིག་རེད། ད་རེས་འདིར་བགྲོ་གླེང་གཏིང་ཟབ་ཧ་ཅང་ཡག་པོ་བྱུང་སོང་། འདིར་དགེ་འདུན་པ་མང་པོ་ཞིག་ཡོད། ཁྱེད་རང་ཚོ་དེ་རིང་འདིར་གཏམ་གསར་པ་དེ་འདྲ་གོ་སྟེ་སོ་སོས་མུ་མཐུད་བསམ་བློ་གཏོང་རྒྱུར་ཏན་ཏན་ཕན་ཐོགས་ཡོང་གི་རེད། དེ་བཞིན་ཚན་རིག་པ་ཚོའི་ནང་དཔེར་ན། གཏམ་གསར་པ་ཞིག་སླེབ་ནས་མུ་མཐུད་ཞིབ་འཇུག་དང་དཔྱད་གཞི་བྱ་རྒྱུར་ཏན་ཏན་ཐུགས་ཕན་གསོས་ཡོད། འདི་ནི་ང་ཚོའི་དམིགས་ཡུལ་གཙོ་བོ་ཞིག་ཡིན།
དམིགས་ཡུལ་གཞན་ནི། འདི་ལྟ་བུ་ཉམས་ཞིབ་གོ་བསྡུར་བྱེད་རྒྱུའི་མཐར་གཏུགས་དམིགས་ཡུལ་གང་རེད་ཅེ་ན། ཕན་ཚུན་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་ཁོ་ནའི་སྐད་ཆ་མ་རེད། ང་ཚོའི་རྩ་བའི་དམིགས་ཡུལ་ནི། ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་སྡོད་མཁན་མི་གཅིག་གྱུར་ཆགས་ཡོད། འཛམ་གླིང་འདིའི་སྟེང་མི་དུར་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ཚང་མ་མི་གཅིག་པ་རེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་གྱུར་ཡིན་སྟབས། སྡུག་བསྔལ་མང་པོ་ཞིག་ང་ཚོས་ཆེད་མངགས་བཟོ་བཞིན་འདུག
གང་ལྟར་སྡུག་བསྔལ་འདོད་ནས་སྡུག་བསྔལ་བཟོ་མཁན་སུའང་མེད། བསམ་བློ་གཏོང་སྟངས་རྒྱ་ཆུང་དྲགས་པ་དང་། མཐར་གཏུགས་ན་ཡ་རབས་ཀྱི་བསམ་བློ་མ་འདང་བ་དང་། དེ་ཡང་ཐུག་ས་ནི་རང་ཕྱོགས་དང་གཞན་ཕྱོགས་ཟེར་རྒྱུ་དེ་ཧ་ཅང་དབྱེ་བ་ཕྱེ་སྟེ་རང་ཕྱོགས་རྒྱལ་རྒྱུ་དང་གཞན་ཕྱོགས་ཕམ་རྒྱུའི་བསམ་བློ་ཞིག་འཛམ་གླིང་འདིའི་སྟེང་ཤུགས་ཆེན་པོ་ཡོད། རང་ཕྱོགས་རྒྱལ་རྒྱུ་དང་གཞན་ཕྱོགས་ཕམ་རྒྱུའི་དོན་དུ་ཆོས་ཕྱོགས་དེ་དེ་ལྟ་བུར་བེད་སྤྱོད་བྱེད་རྒྱུའི་བཟོ་འདྲ་བོ་ཡོང་བཞིན་ཡོད། དངོས་གནས་བྱས་ན་ཆོས་ལུགས་ཚང་མས་བྱམས་བརྩེ་དང་བཟོད་པ་བཤད་དེ་སེམས་རྒྱུད་དུལ་བར་ཚང་མས་དམིགས་ཡུལ་གཅིག་པ་ཆགས་ཀྱི་ཡོད།
འོན་ཀྱང་སེམས་དུལ་བའི་ཐོག་ལ་དོ་སྣང་དེ་ཙམ་མེད་པར་བྱས་ཏེ་ཆོས་ཕྱོགས་བརྗོད་དུས་ལམ་དང་ལུགས་སྲོལ་ལྟ་བུ་ཆོ་ག་ཕྱག་ལེན་གདོན་རྒྱུ་བཟོ་འདྲ་བོ་མིང་ཙམ་སོ་སོའི་ཆོས་དད་ཆགས་ཡོང་དུས་འཛམ་གླིང་འདིའི་སྟེང་མིས་ཆེད་མངགས་བཟོས་པ་མ་རེད་དེ་ང་ཚོས་བྱེད་སྟངས་ཡག་པོ་མ་ཤེས་པར་གཙོ་བོ་ཀུན་སློང་ཐོག་ནས་བསམ་པ་རྒྱ་ཆེན་པོ་ཞིག་བཏང་མ་ཐུབ་པ་དང་། གཞན་ཕན་གྱི་བསམ་བློ་མ་འདང་བར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད། འདི་ཤེས་དགོས་རྒྱུ་ནི། ཆོས་དད་ཡོད་མཁན་དང་མེད་མཁན་ཡིན་ནའང་འདྲ། ཚན་རིག་པ་དང་། ལག་རྩལ་བ། ཆབ་སྲིད་པ། དཔལ་འབྱོར་གྱི་ལས་ཀ་བྱེད་མཁན། བཟོ་གྲྭར་ལས་ཀ་བྱེད་མཁན་དང་ཞིང་པ་ཡིན་ནའང་འདྲ། ཚང་མས་མིས་བཟོས་པའི་དཀའ་ངལ་ཉུང་ཙམ་ཡོད་པའི་འཛམ་གླིང་ཞི་བདེ་བག་ཕེབས་ཡོང་རྒྱུ་ཞིག་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། འདི་ཐུག་ས་གཙོ་བོ་ཞིག་ནི་མི་རབས་རྗེས་མ་ཚོ་རེད། ང་ཚོའི་མི་རབས་ནི་འདི་ལྟར་འཁྱོལ་འགྲོ་རྒྱུ་རེད། ངོས་ལ་ཆ་བཞག་ལོ་ ༨༡ ལ་སླེབས་སོང་། འདི་ལྟར་འཁྱོལ་འགྲོ་གི་རེད། གནད་འགག་གང་ཡང་མི་འདུག ང་ཚོ་འགྲོ་བ་མིའི་བདེ་སྡུག་དང་འཛམ་གླིང་འདིའི་ཁོར་ཡུག་ཡག་པོ་ཞིག་ཡོང་རྒྱུ་དང་། ལོ་འབུམ་ས་ཡ་བྱེ་བའི་རིང་འཛམ་གླིང་གནས་མིན་ཤེས་ཀྱི་མ་རེད། ང་ཚོས་འཕྲལ་སེལ་འབྱུང་འགྱུར་ལོ་བརྒྱ་ཕྲག་ཁ་ཤས་ཤིག་རིང་དངོས་གནས་ཁོར་ཡུག་ཡག་པོ་ཞིག་དང་། འཛམ་གླིང་འདི་ཞི་བདེ་ཡོད་པ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས། དེའི་རེ་བ་རྒྱག་ས་ནི་གཞོན་སྐྱེས་དེ་དག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།