༢༠༡༦ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བདེ་ཡངས་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱངས་ཏེ་གནས་གཟིགས་གནང་རྗེས་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་བདེ་ཡངས་གྲྭ་ཚང་དུ་༸ཞབས་སོར་འཁོད་བསྟུན་མཁན་རིན་པོ་ཆེ་མཆོག་གིས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བདེ་ཡངས་གྲྭ་ཚང་བར་སྐབས་ནས་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་འཛུགས་སྐྲུན་ཡག་ཐག་གཅོད་བྱུང་ཡོད། སྔོན་མ་ཐེངས་གཅིག་བཅར་བ་ཡིན། དེ་རིང་འདིར་འབྲས་སྤུངས་ལོ་ ༦༠༠ འཁོར་བའི་རྗེས་དྲན་དུས་ཆེན་དང་བསྟུན་དཔལ་ལྡན་འབྲས་དཀར་སྤུངས་པ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རྒྱལ་པོ་རྡོ་རྗེ་གྲགས་ལྡན་ཆགས་ཡོད། དེ་རིང་འདིར་ཞབས་གསོལ་ལྟ་བུ་གནང་སྟེ་ཧ་ཅང་ཡག་པོ་བྱུང་། ཐུགས་རྗེ་ཞུ་གི་ཡིན། འདིར་འབྱོར་བ་དང་ངོས་ཀྱིས་དགེ་འདུན་པ་ག་ཚོད་ཡོད། དཔེ་ཆ་ལྟ་མཁན་ག་ཚོད་ཡོད། ཅེས་གོང་དུ་བཀའ་འདྲི་ཞུ་རྒྱུ་དེ་རེད།
བདེ་ཡངས་གྲྭ་ཚང་ལ་ཆ་བཞག་ན་སྔ་མོ་བོད་དུ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་བདུན་ཙམ་ཡོད་པ་ནས་མཚན་ཞབས་རེ་རེ་ཡོང་བཞིན་ཡོད། བདེ་ཡངས་གྲྭ་ཚང་གི་མཚན་ཞབས་གཅིག་ཡོད། བདེ་ཡངས་གྲྭ་ཚང་གི་ཡིག་ཆ་ནི་༸གོང་ས་ལྔ་པའི་གསུང་ཞིག་ཆགས་ཡོད། ངོས་ཀྱིས་དཔེ་ཆ་བལྟ་རྒྱུ་ནི་༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་རྩོམ་ཐོག་ནས་མཚན་ཉིད་དང་དེ་ཚོའི་གྲས་༸རྒྱལ་བ་ལྔ་པས་གསུང་དེ་དག་ཏོག་ཙམ་བློར་འཛིན་ཡོད། ད་ཆ་བརྗེད་ཟིན་འདུག སྔོན་མ་མཚན་ཉིད་གྲྭ་ཚང་མིན་པ་རྒྱུད་སྟོད་སྨད་གཉིས་དང་། དེ་བཞིན་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ཆ་བཞག་ནའང་དེ་སྔ་མཚན་ཉིད་གྲྭ་ཚང་ཆགས་མེད། སྔགས་ཕྱོགས་ཁོ་ན་བཏོན་གྱི་ཡོད། དེ་ནས་རྒྱ་གར་ནང་འབྱོར་རྗེས་ཕལ་ཆེར་ལོ་ལྔ་བཅུ་ཕྱིན་པ་རེད། གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་མཚན་ཉིད་བལྟ་དགོས་རེད་ཅེས་ངོས་ཀྱིས་འབོད་སྐུལ་བྱས་པ་དང་། དེ་ནས་རྒྱུད་གྲྭ་སྟོད་སྨད་གཉིས་ལའང་གཞུང་ཆེན་བལྟ་དགོས་རེད་ཅེས་འབོད་སྐུལ་བྱས་པ་ཡིན།
ད་ཆ་གཞི་ནས་གཞུང་ཆེན་བལྟ་རྒྱུར་བྲོ་བ་རྙེད་དེ་དོ་སྣང་བྱེད་མཁན་ཡག་ཐག་ཆོད་འདུག རྒྱུད་གྲྭ་སྨད་སྟོད་གཉིས་ནས་དཔེ་ཆ་བལྟས་ནས་དཔེ་ཆ་ཡག་ཐག་ཆོད་ཐོན་ཡོང་གི་ཡོད། བདེ་དབྱངས་གྲྭ་ཚང་ནི་དེ་སྔ་ནས་༸གོང་ས་ལྔ་པའི་ཡིག་ཆ་འཛིན་མཁན་གྱི་གྲྭ་ཚང་ཆགས་ཡོད།
གནས་ཆུང་རྡོ་རྗེ་གྲགས་ལྡན་གཙོ་བོར་གྱུར་པའི་རྒྱལ་པོ་སྐུ་ལྔ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དེ་འདྲའི་ཐོག་ནས་དུས་དུས་སུ་བསྐང་གསོལ་དང་། ཚོགས་མཆོད་དེ་ཚོའི་གྲས་གལ་ཆེན་པོ་རེད། རྒྱུན་དུ་སློབ་གཉེར་གནང་རྒྱུ་ལྟ་བུ་གཞུང་ཆེན་སློབ་གཉེར་བྱེད་རྒྱུ་དེ་རེད། དཔེ་ཆ་བལྟ་རྒྱུ་དེ་སྔ་གཞུང་ཆེན་སློབ་གཉེར་མེད་པ་ཚོ་ལའང་གཞུང་ཆེན་སློབ་གཉེར་གལ་ཆེན་པོ་རེད། ཅེས་འབོད་སྐུལ་བྱས་རྗེས་གསར་དུ་ཚུགས་པ་རེད། བཙུན་མ་ཚོར་ཆ་བཞག་ནའང་དེ་སྔ་བོད་ལ་བཙུན་མས་གཞུང་ཆེན་བལྟ་བའི་ལུགས་སྲོལ་མེད་པ་ལྟ་བུ་རེད། དེ་སྔའི་ཁ་རྒྱུན་ལའང་། ཨ་ནིའི་ཁོག་པར་བཟང་སྤྱོད་མ་ཆུད། ཟེར་སྲོལ་ཡོད། མཐོང་ཆུང་ལྟ་བུ་བྱེད་སྲོལ་ཡོད། བཙུན་མས་གཞུང་ཆེན་ལྟ་ཟེར་བ་ནི་ལུགས་སྲོལ་མེད་པ་ལྟ་བུ་ཞིག་རེད། དེ་སྔའི་ལུགས་སྲོལ་ཡིན་རྒྱུ་རེད། འོན་ཀྱང་དེ་རྗེས་ལུས་ཀྱི་ལུགས་སྲོལ་རེད་མ་གཏོགས་ཡར་རྒྱས་ཀྱི་ལུགས་སྲོལ་མ་རེད།
ང་ཚོས་རྗེས་ལུས་བྱས་ནས་བསྡད་པ་ཡིན་ན་མུ་མཐུད་རྗེས་ལུས་བྱས་ནས་བསྡད་ཀྱི་རེད། ཧ་ལམ་མི་ཐོག་གཅིག་གཉིས་ཕྱིན་སོང་ན་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་ཡལ་འགྲོ་རྒྱུ་རེད། རྗེས་ལུས་ཀྱི་རྣམ་པར་མ་བསྡད་པར་དངོས་གནས་སངས་རྒྱས་པའི་ཆོས་འདི་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཟེར་རྒྱུ་དེ་ཚོའི་གྲས་གཙོ་བོ་ཚད་མའི་ལམ་ནས་གཏན་ལ་དབབ་རྒྱུ་ཡག་པོ་ཡོད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ལོ་བརྒྱ་ཕྲག་འགའ་ཤས་གནས་རྒྱུ་ཡིན་པ་ངོས་ཀྱིས་འགན་ལེན་བྱེད་ཐུབ་ཀྱི་རེད། དེར་བརྟེན་དཔེ་ཆ་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག བདེ་ཡངས་གྲྭ་ཚང་ཁྱེད་རང་ཚོས་ཆོ་ག་གདོན་རྒྱུ་དེ་ཚོའི་གྲས་དགོས་པ་ཞིག་རེད། འོན་ཀྱང་འདི་གཙོ་འདོན་བྱས་ནས་སློབ་གཉེར་ལ་འཐུས་ཤོར་ཕྱིན་པ་ཡིན་ན་ཡག་པོ་ཡོད་མ་རེད། འདི་ངེས་པར་དུ་དགོངས་པར་བཅངས། མཁྱེན་སོང་ངམ། གཉིས་ནས་༸རྒྱལ་བ་ལྔ་པའི་ཡིག་ཆ་བདག་པོ་རྒྱག་མཁན་བདེ་ཡངས་གཅིག་པུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྟག་ཚང་རྭ་སྟོད་གྲྭ་ཚང་དུ་ཚིབས་སྒྱུར་བསྐྱངས་ཡོད་པ་བཅས།།