༢༠༡༦ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ གར་གྱི་ཊ་ཊ་ཤེས་ཡོན་བསྟི་གནས་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་ Tata Institute of Social Sciences གྱི་འགན་འཛིན་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེ་སི་པར་སུ་ར་མན་ Prof S Parasuraman མཆོག་སོགས་ལ་མཇལ་ཁ་སྩལ།
སྐབས་དེར་འགན་འཛིན་མཆོག་ནས་༸གོང་ས་མཆོག་གི་བཀའ་སློབ་ལྟར། དེང་དུས་ཤེས་ཡོན་དེ་བཞིན་སྤྱིར་ངོ་མཚར་ལྡན་པ་ཞིག་ཡིན་ནའང་། ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་ལ་མཚོན་ན་དེང་དུས་ཤེས་ཡོན་རྐྱང་པས་འདང་གི་མེད་སྟབས། ཊ་ཊ་ཤེས་ཡོན་བསྟི་གནས་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་ནས་༸གོང་ས་མཆོག་གི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་ལམ་སྟོན་ནས་བློ་ སྐྱེད་བླངས་ཏེ་ཆུ་ཚོད་ ༣༠ རིང་གི་སློབ་ཚན་ཞིག་གཏན་འབེབས་ཞུ་རྒྱུའི་ལས་རིམ་འགྲོ་མུས་ཡིན་པའི་སྐོར་ལྷན་སྙན་སྒྲོན་འབུལ་ཞུས་པ་མ་ཟད། སློབ་ཚན་དེ་དག་བརྗོད་གཞི་ཁག་ལྔའི་ནང་ཆ་བགོས་བྱས་ཡོད་པ་ནི། འགྲོ་བ་ཀུན་ལ་ཁྱབ་པའི་བཟང་སྤྱོད་ཀྱི་རིན་ཐང་དང་དེའི་འབྱུང་ཁུངས། རང་གི་ཀུན་སློང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཇི་ལྟར་གཏོང་དགོས་པ། གཞན་དང་མདུན་བསྐྱོད་སྣེ་ཁྲིད་བྱེད་ཚུལ། འགན་ཁུར་ཞུ་ཕྱོགས། བཟང་སྤྱོད་ལྡན་པའི་འགོ་ཁྲིད། བཅས་ཡིན་འདུག
སྐབས་དེར་༸གོང་ས་མཆོག་གིས་ལས་གཞི་དེར་བསྔགས་བརྗོད་མཛད་པ་དང་། དེང་དུས་འཕྲུལ་རིགས་དང་འབྲེལ་བའི་ཤེས་ཡོན་དང་གནའ་རབས་སྲོལ་རྒྱུན་གྱི་ལེགས་བཤད་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་མཁན་ཧ་ལམ་རྒྱ་གར་ཁོ་ན་ཡིན་སྐོར་བཀའ་སློབ་སྩལ།
དེ་རྗེས་ལྕམ་སྐུ་རེ་ནུ་མེ་ཏ་ Renu Mehta ཞུ་བ་ཁོང་གིས་དངོས་བྱུང་གློག་བརྙན་ ‘The Great and the Good’ སྐྱེས་བུ་དམ་པ་དང་མཆོག ཅེས་པ་ཞིག་བཟོ་སྐྲུན་དང་འབྲེལ་ནས་༸གོང་ས་མཆོག་ལ། ང་ཚོས་འཛམ་གླིང་འཆམ་མཐུན་ལྡན་པ་ཞིག་ཇི་ལྟར་བསྐྲུན་ཐུབ་ཅེས་པའི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན།
ང་ཚོ་དང་ཁོ་པ་ཚོ། ཞེས་པའི་ལྟ་ཚུལ་འཛིན་བཞིན་པའི་ཆགས་སྡང་གི་བློ་དེ་མགོ་གནོན་ཐུབ་པ་དགོས། རང་བདེ་དོན་གཉེར་ཁོ་ན་བསམ་ནས་བསྡད་པ་ཡིན་ན། རང་བཞིན་གྱིས་གཞན་ལ་འཇིགས་སྣང་སྐྱེ་བ་དང་ཡིད་ཆེས་བློ་འགེལ་མ་ཐུབ་པ་ཡོང་རྒྱུ་རེད། ཅེས་བཀའ་ལན་སྩལ། སྐབས་དེར་ལྕམ་སྐུ་རེ་ནུ་མེ་ཏ་ལགས་ཀྱིས་འཛམ་གླིང་འཆམ་མཐུན་ཡོང་བར་སྒོམ་ཉམས་ལེན་གྱིས་ཕན་ཐོགས་ཇི་ཡོད་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན།
ཞི་གནས་སྒོམ་སྐབས་དམིགས་པ་ཡུལ་གཅིག་ལ་དམིགས་ནས་བསྒོམ་དགོས། དེ་ནི་བཟི་ཁབ་བརྒྱབ་པ་དང་འདྲ་པོ་ཡོད། འཕྲལ་དུ་ཕྲན་བུ་ཕན་ཡང་ཕུགས་ལ་དཀའ་ངལ་མུ་མཐུད་གནས་རྒྱུ་རེད། དེ་ལས་ལྷག་མཐོང་སྐབས་བློས་ཡུལ་ལ་དཔྱད་པ་བྱེད་བཞིན་པ་ནི་དཔེར་ན། ཁོང་ཁྲོའི་ཉེས་དམིགས་སོགས་ལ་བསམ་བློ་གཏང་ཐུབ་པ་ཡིན་ན་ཁོང་ཁྲོའི་བློ་དེར་གཉེན་པོ་བསྟེན་ཐུབ། ཅེས་བཀའ་ལན་སྩལ།
དེ་རྗེས་མི་ཚེ་ལམ་ལྷོང་ལྡན་པ་ཞིག་ཇི་ལྟར་བཟོ་ཐུབ་མིན་གྱི་དྲི་བར་༸གོང་ས་མཆོག་གིས། རང་གཞན་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་མཐར་གཏུགས་ན་བྱམས་བརྩེའི་ཀུན་ལས་བླངས་པའི་གཞན་དོན་ལ་སེམས་ཁུར་བྱ་རྒྱུ་དེ་རེད། ཅེས་བཀའ་ལན་སྩལ། །