༢༠༡༦ ཟླ་ ༡༢ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༥ རེས་གཟའ་ཟླ་བའི་མཚན་མོ་ཆུ་ཚོད་ ༡༡།༣༠ ཙམ་ལ་དགུང་གྲངས་ ༦༨ ལ་ཕེབས་པའི་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ཇ་ཡཱ་ལ་ལི་ཏ་ Jayalalitha Jayaraman མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཏ་མིལ་མང་ཚོགས་རྣམས་ལ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་ཞུས་ནས་ཏ་མིལ་ན་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ཇ་ཡཱ་ལ་ལི་ཏ་མཆོག་འདས་གྲོངས་སུ་གྱུར་བར་ཡིད་གདུང་དྲག་པོས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། དམ་པ་ཁོང་ནི་སྙིང་སྟོབས་ཆེ་ཞིང་ཏ་མིལ་མང་ཚོགས་རྣམས་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ཨ་མ་ལགས། ཞེས་མང་ཚོགས་ཁྲོད་གཅེས་མིང་དུ་ཡོངས་སུ་གྲགས།
ཕྱོགས་མཚུངས་རྒྱ་གར་རྒྱལ་ནང་དུ་མཚོན་ནའང་དམ་པ་ཁོང་ནི་གཟེངས་སུ་ཐོན་པའི་བུད་མེད་དབུ་ཁྲིད་འཇོན་ཐང་ཧ་ཅང་ཆེ་བ་ཞིག་ཡིན་ཞིང་། ཆབ་སྲིད་ལྟ་བུ་གཙོ་ཆེ་སྐྱེས་པ་ཁོ་ནས་དབང་སྒྱུར་བྱེད་བཞིན་པའི་ལས་རིགས་ཁྲོད་དུའང་དམ་པ་ཁོང་གིས་འཇིགས་ཞུམ་མེད་པར་མང་ཚོགས་ཀྱི་སྣེ་ཁྲིད་ཐུབ་པ་དེ་ནི་བུད་མེད་གཞན་ཚོས་མིག་དཔེ་བལྟ་འོས་པའི་མཚོན་དོན་ཞིག་ཀྱང་ཆགས་ཡོད།
ཐོག་མར་དམ་པ་ཁོང་གློག་བརྙན་འཁྲབ་སྟོན་གྱི་ལས་རིགས་ནང་སྦྱངས་ཤ་ཧ་ཅང་ཆེ་ཞིང་། ཕྱིས་སུ་ཏ་མིལ་ན་དུའི་ཆབ་སྲིད་ཀྱི་རྩེ་མོར་སོན་པའི་མི་ཚེའི་ལམ་བུའི་ཁྲོད། དཀའ་ངལ་དང་བར་ཆད་རྒྱུན་མ་ཆད་པར་དམ་པ་ཁོང་གིས་གདོང་ལེན་གྱིས་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་པ་དེ་ནི་མི་མང་པོ་ཞིག་ལ་སྙིང་སྟོབས་སྤེལ་གཞི་ཞིག་ཏུ་གྱུར།
དམ་པ་ཁོང་གི་དབུ་ཁྲིད་འོག་མང་ཚོགས་རྣམས་ཀྱི་བདེ་སྡུག་ཆེད་རིན་མེད་སྨན་བཅོས་ཀྱི་མཐུན་འགྱུར་གནང་བ་མ་ཟད། མང་ཚོགས་རྣམས་ཀྱི་གཞི་རིམ་ཤེས་ཡོན་གྱི་མཐུན་འགྱུར་དང་ཟས་བཅུད་ཀྱི་མཐུན་རྐྱེན་ཐོག་སྐུ་སྒེར་གྱིས་དམིགས་བསལ་དོ་ཁུར་ཆེན་པོས་འབད་བརྩོན་གནང་བའི་གྲུབ་འབྲས་དེ་ནི་འབུར་ཐོན་ཞིག་བྱུང་ཡོད།
ངས་ཏ་མིལ་མང་ཚོགས་དང་དམ་པ་ཁོང་གི་ཆབ་སྲིད་ཚོགས་པའི་ AIADMK ཚོགས་མི་རྣམས་ལ་མྱ་ངན་གྱི་དུས་སྐབས་འདིར་སྙིང་ཁོང་རུས་པའི་གཏིང་ནས་སེམས་གསོ་ཞུ་རྒྱུ་དང་སྦྲགས། འབྱུང་འགྱུར་མངའ་སྡེའི་མདུན་ལམ་བཟང་པོ་ཞིག་ཐོག་ཤར་བསྐྱོད་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
སྤྱིར་ལྕམ་སྐུ་ཇ་ཡཱ་ལ་ལི་ཏ་དམ་པ་ཁོང་གིས་ཕྱི་ལོ་ ༡༩༩༡ ནས་ ༢༠༡༦ བར་ཏ་མིལ་ན་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་ལྔ་གནང་མྱོང་ཡོད་ཅིང་། དུས་ཡུན་དེའི་རིང་ཁྱོན་མི་ལོ་ ༡༤ རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་འདུག་པ་བཅས།།
གསུང་འཕྲིན་ཨིན་ཡིག་མ་དཔེ་ནས་ཕྱི་དྲིལ་བོད་ཡིག་ཚན་པས་བོད་སྒྱུར་ཞུས་པས་ ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།