༢༠༡༦ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༦ རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཀྱང་རྒྱ་གར་གཞུང་ནས་དེར་རྩིས་མེད་བཏང་གནང་འདུག དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གྷེན་ཤུང་ Geng Shuang ཟེར་བ་ཁོ་པས་བརྗོད་དོན་ལྟར་ན། རྒྱ་གར་གཞུང་ནས་རྒྱ་ནག་གི་རྩ་དོན་ལ་བརྩི་བཀུར་དང་ལེན་ཞུ་ཐོག་རྒྱ་དཀར་ནག་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་མ་སོང་བ་ཞིག་གནང་གལ་ཆེ། ཉེ་ལམ་རྒྱ་གར་གཞུང་ནས་རྒྱ་ནག་གིས་གལ་ཆེར་འཛིན་བཞིན་པའི་ལངས་ཕྱོགས་དེར་བརྩི་མེད་རྡོག་རོལ་དུ་བཏང་ནས་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་ནང་དུ་ཏཱ་ལ་སྐྱེ་ཕྲེང་ ༡༤ ནན་གྱིས་མགྲོན་འབོད་བྱས་ནས། མཛད་སྒོར་མཉམ་ཞུགས་བྱས་པ་མ་ཟད་སྲིད་འཛིན་མཆོག་དང་ཡང་ཐུག་འཕྲད་བྱས་ཡོད། ཅེས་བཤད་འདུག འོན་ཀྱང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཝི་ཀ་སི་སྭ་རུབ་ Vikas Swarup མཆོག་གིས་རྒྱ་ནག་གཞུང་གི་སྡིག་ར་བཏང་བ་དེར་ལན་འདེབས་གནང་དོན།
༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱ་གར་གཞུང་གི་ཆེ་བསྟོད་ཧ་ཅང་ཞུ་ཡུལ་གྱི་སྐུ་མགྲོན་ཞིག་ལ་ངོས་འཛིན་ཞུ་བཞིན་པ་མ་ཟད། མཛད་སྒོ་དེ་ནི་ཆབ་སྲིད་དང་མ་འབྲེལ་བར་བྱིས་པ་གཅེས་སྐྱོང་ཐེབས་རྩ་ཁང་གི་ལས་དོན་ལ་རྒྱབ་སྐྱོར་ཞུ་རྒྱུའི་མཛད་སྒོ་ཞིག་ཡིན། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆེ་བསྟོད་ཧ་ཅང་ཞུ་ཡུལ་གྱི་ཆོས་ཕྱོགས་དབུ་ཁྲིད་ཞིག་ལ་ངོས་འཛིན་ཞུ་རྒྱུའི་ལངས་ཕྱོགས་འདིར་འགྱུར་བ་གང་ཡང་མེད་པར་མུ་མཐུད་སྲ་བརྟན་དུ་གནས་རྒྱུ་རེད། ཅེས་གསུངས།
དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གཞུང་ལ་ལན་འདེབས་གསལ་བཤད་གནང་དོན། རྒྱ་གར་ནི་རང་དབང་རང་བཙན་གྱི་བདག་དབང་ཆ་ཚང་ལྡན་པའི་རྒྱལ་ཁབ་གཅིག་ཡིན་སྟབས་ཡུལ་དེའི་སྲིད་འཛིན་མཆོག་ལ་སུ་དང་སུ་མཇལ་འཕྲད་ཞུ་མིན་ཐད་རང་གི་འདོད་མོས་ལྟར་མཇལ་འཕྲད་ཞུ་ཆོག་པའི་རང་དབང་ཆ་ཚང་ལྡན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱ་གར་ལ་བཀའ་བཏང་མི་རུང་། ཐེངས་འདིར་རྒྱ་གར་སྲིད་འཛིན་མཆོག་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེས་གཞིས་ལུས་བོད་མི་རྣམས་ལ་རེ་བའི་བརྡ་ལན་ཤུགས་ཆེ་ཞིག་སྦྱིན་རྒྱུ་མ་ཟད། འཛམ་གླིང་ཁྱོན་དུ་སྲིད་གཞུང་གཞན་རྣམ་ལའང་བློ་སྤོབས་སྟེར་ངེས། ཞེས་གསུངས།