༢༠༡༦ ཟླ་ ༡༢ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༥ ཉིན་ཕ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་ Strasbourg ཏུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་དང་། ཡུ་གུར་དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་ཨི་ལམ་ཊོ་ཊི་ Ilham Tohti མཆོག་དང་འབྲེལ་བའི་ཐོག་ཛ་དྲག་གི་གྲོས་ཆོད་བཞག་འདུག
དེ་ཡང་གྲོས་གཞི་འདོན་མཁན་ཡུ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཁག ཡུ་རོབ་མི་མང་ཚོགས་པ་European Peoples Party དང་། ཡུ་རོབ་རྙིང་ཞེན་དང་གསར་བརྗེ་ཚོགས་པ་European Conservatives and Reformists ཡུ་རོབ་གུ་ཡངས་མང་གཙོ་སྣ་འབྲེལ་ཚོགས་པ་ Alliance of Liberals and Democrats for Europe ལྗང་ཁུ་ཚོགས་པ། ཡུ་རོབ་རང་དབང་དང་ཐད་བསྐོས་མང་གཙོ་ཚོགས་པ་ Europe of Freedom and Direct Democracy བཅས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དང་མང་གཙོའི་རིང་ལུགས་ཀྱི་ཡར་ཐོན་སྣ་འབྲེལ་ཚོགས་པས་ Group of the Progressive Alliance of Socialists and Democrats དེར་རྒྱབ་སྐྱོར་གནང་བ་ཞིག་ཡིན་འདུག གྲོས་ཆོད་དེ་དབྱེ་བ་གསུམ་དུ་ཕྱེ་ནས་ཡོད་པ་དང་། ཁྱོན་བསྡོམས་དོན་ཚན་༤༠ ཡོད་ཁོངས་ནས་དོན་ཚན་ ༣༡ བོད་དོན་དང་བླ་རུང་ཆོས་སྒར་གྱི་གནད་དོན་དང་འབྲེལ་བའི་ཐོག་ཡིན་པ་དང་།
དེ་བཞིན་གྲོས་ཆོད་ནང་དུ་དེ་སྔ་བཞག་པའི་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཁག་དང་། དེ་མིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སུ་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་ཕྱོགས་དང་བསྒྲགས་གཏམ་སྤེལ་བ་ཁག དེ་བཞིན་ད་རེས་རྒྱ་ནག་གཞུང་ནས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་དང་གྲྭ་བཙུན་རྣམ་པ་བཙན་དབང་གིས་ཕྱིར་འབུད་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས། རྒྱ་ནག་གཞུང་ལ་བོད་མིའི་སྐུ་ཚབ་དང་ལྷན་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཡང་བཏོན་འདུག
ད་ཐེངས་གྲོས་ཆོད་བཞག་ཐུབ་པ་དེ་ཡང་གཙོ་བོ་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱང་སྐབས་གྲོས་ཚོགས་འཐུས་མི་མང་པོས་མཇལ་ཁ་ཞུས་པ་དང་། དེ་བཞིན་སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་སྣེ་ཁྲིད་དང་འབྲེལ་ཡོད་ལས་བྱེད་བཅས་ཀྱིས་བར་ལམ་ནས་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་རིམ་པ་གནང་བ་བཅས་ཀྱི་གྲུབ་འབྲས་ལས་བྱུང་བ་ཡིན་འདུག ཡུ་རོབ་གྲོས་ཚོགས་ནས་བོད་དོན་གྲོས་ཆོད་མཐའ་མ་དེ་ཕྱི་ལོ་ ༢༠༡༡ ལོར་བཞག་གནང་ཡོད་པ་རེད།