ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུའི་ནང་པའི་ས་ཁུལ་ཐུ་ཝ་དང་། ཁལ་མུཀ བྷུ་རི་ཡཏ་བཅས་ཀྱི་དད་ལྡན་ཆོས་བ་རྣམས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ལི་ལ་གསོལ་མགྲོན་ཁང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་མཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་ཨུ་རུ་སུའི་ནང་པའི་ས་ཁུལ་ཐུ་ཝ་དང་། ཁལ་མུཀ བྷུ་རི་ཡཏ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་རྒྱ་རིགས་དང་། རྒྱ་གར། ཕྱིའི་རྒྱལ་ཁབ་ཁག་བཅས་ནས་ཆོས་ཞུ་བ་གྲངས་ ༡༣༠༠ ཙམ་དང་། དེ་བཞིན་རང་རིགས་སེར་སྐྱ་མི་མང་མི་གྲངས་ ༣༠༠ ཙམ་བཅས་ཁྱོན་བསྡོམས་མི་གྲངས་ ༡༦༠༠༠ ཙམ་ལ་སྤྱོད་མཇུག་ཆེན་མོའི་བཀའ་ཆོས་བཀྲིན་ཆེ་སྐབས་ཐོག་མར་བཀའ་སློབ་སྩལ་དོན། དུས་འཁོར་དབང་ཆེན་ལ་བསྡད་མ་ཐུབ་མཁན་ཁྱེད་རང་ཚོ་བློ་ཕམ་བྱེད་དགོས་མ་རེད། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་གྱི་སྟ་གོན་དང་། དཀྱིལ་འཁོར་ལ་ཞུགས་པའི་སྐོར། སྔོན་གཞི་བཅས་ཉིན་གྲངས་གསུམ་རིང་འདི་ལྟར་བྱེད་ཀྱི་རེད། དེ་དུས་ཁྱེད་རང་ཚོ་བོད་ནས་ཚུར་སྨོན་ལམ་རྒྱོབ་ཤེས་སོང་ངམ། ཁྱེད་རང་ཚོ་དད་པ་ནི་གཡོ་བ་མེད་པར་བརྟེན། ངོས་ཀྱིས་འདི་ནས་ཁྱེད་རང་ཚོ་བོད་ནང་ཡོད་པའི་རྒྱ་ཆེ་མི་མང་དངོས་འབྲེལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་མཁན་དེ་དག་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། དེ་བཞིན་རྒྱ་ནག་ནང་རྒྱ་རིགས་ནང་པ་ཧ་ཅང་ཕོན་ཆེན་པོ་ཡོད་པ་དེ་ཚོའི་ནང་ནས་དབང་ཞུ་འདོད་ཡོད་པ་དེ་འདྲ་ཏན་ཏན་ཡོང་གི་རེད། དེ་དག་ཚང་མ་ངོས་ཀྱིས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། བླ་མ་ཡི་དམ་གྱི་བྱིན་རླབས་ནི་ཐག་ཉེ་རྒྱང་གི་སྐད་ཆ་གང་ཡང་མེད། དེའི་ཁུངས་ནི། བཅོམ་ལྡན་འདས་ཀྱིས་སྔོན་ཆོག་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཟེར་རྒྱུ་ཞིག་ཡོད། བསྙེན་པར་རྫོགས་མཁན་གྱི་དགེ་འདུན་པ་དེར་བཞུགས། བསྒྲུབ་བྱ་དེ་དགག་བྱ་བྱས་ནས་ཚུར་ཡོང་མ་ཐུབ་པར་ས་ཆ་གཞན་ཞིག་ཏུ་བསྡད། དེའི་བར་དུ་འཕྲིན་བསྐུར་ནས་བསྙན་པར་རྫོགས་རྒྱུ་བྱུང་འདུག དེང་སྐབས་ང་ཚོ་ས་ཐག་རིང་ནའང་འཕྲིན་སོགས་ཀྱི་ཐོག་ནས་ཁྱེད་རང་ཚོ་སྨོན་ལམ་བརྒྱབ་ན་དབང་ཐོབ་ཀྱི་རེད། དེ་ལྟར་བྱོས་ཨང་། མཁྱེན་སོང་ངམ།
ཁྱེད་རང་ཚོ་བློ་ཧ་ཅང་ཕམ་ནས་སེམས་མ་སྐྱིད་པ་བྱེད་མི་དགོས། བོད་ལ་ཕར་ལོག་འགྲོ་མཁན་ཁྱེད་རང་ཚོ་དད་པ་དགའ་ཞེན་ཧ་ཅང་བྱས་ནས་འདིར་ཡོང་། ཕ་རོལ་དུ་ཆབ་སྲིད་ཀྱི་གནས་ཚུལ་འོག་ནས་འདིར་སྡོད་མ་ཐུབ་པར་ཕར་ལོག་དགོས་མཁན་ཁྱེད་རང་ཚོ་མང་པོ་ཞིག་ཡོད། ཕྱོགས་གཅིག་ནས་བསམ་བློ་གཏོང་ན་སེམས་སྐྱོ་བོ་འདྲ་བོ་ཞིག་རེད། ང་ཚོ་བོད་རྒྱ་ཆེ་མི་མང་དང་ཁ་བྲལ་ནས་ལོ་ལྔ་བཅུ་ལྔ་བདུན་ཙམ་ཕྱིན་པ་རེད། འོན་ཀྱང་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་ནི་འགྱུར་བ་མེད་པར་གནས་བཞིན་འདུག མི་རབས་བརྗེ་འགྲོ་གི་ཡོད་རེད་དེ་སོ་སོའི་མི་རིགས་ཀྱི་ལ་ཞེན་དང་། དེ་བཞིན་སངས་རྒྱས་པའི་ཆོས་ལ་ཡིན་ནའང་དད་པ། མི་འགའ་ཤས་ཆོས་ལ་དད་པ་དམིགས་བསལ་མེད་ནའང་མི་རིགས་ཀྱི་ཞེན་འཁོགས་ཧ་ཅང་ཡོད་པ་དེ་འདྲ་ཡོང་བཞིན་འདུག གང་ལྟར་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་ཧ་ཅང་སྙིང་སྟོབས་དང་སེམས་ཤུགས་འགྱུར་བ་མེད་པར་བསྡད་པ་རེད། དེར་བརྟེན་བོད་ཀྱི་བདེན་དོན་འདི་འཛམ་གླིང་འདིའི་སྟེང་ལོ་རེ་བཞིན་གསལ་དུ་འགྲོ་བཞིན་པའི་བཟོ་འདྲ་བོ་ཞིག་ཆགས་ཀྱི་འདུག་སྟབས། གཞིས་ལུས་རྒྱ་ཆེ་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ད་དུང་ཡིན་ནའང་ཚང་མས་ཧུར་ཐག་བྱེད་དགོས།
ཁྱེད་རང་ཚོ་ཁ་ཤས་ཕྱིར་ལོག་འགྲོ་གི་ཡོད་པར་བརྟེན། ད་ལྟའི་དུས་ཚོད་འདིར་ན་གཞོན་ཚོར་སློབ་སྦྱོང་སྤྲོད་དགོས་རྒྱུ་གལ་ཆེན་པོ་རེད། བོད་ཡིག་གཙོ་བོར་གྱུར་པའི་རྒྱ་ཡིག་སློབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་དང་། དེ་དང་འབྲེལ་ནས་ང་རང་ཚོ་བོད་རང་གི་རིག་གཞུང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ནང་ནས་རིག་གནས་ཆེ་བ་ལྔ་གསོ་བ་རིག་པ། བོད་ཡིག་སྒྲ་རིག་པ་ཆགས་ཀྱི་ཡོད། དེ་ནས་ཚད་མ་རིག་པ། ཚད་མ་རིག་པ་ནི་འཛམ་གླིང་འདིའི་སྟེང་དེང་སྐབས་བོད་གཅིག་པུ་རེད་མ་གཏོགས་གཞན་ནང་པའི་ཡུལ་གྲུ་ཚོར་དེ་འདྲའི་ཚད་མ་རིག་པ་མི་འདུག ནང་དོན་རིག་པའི་ནང་ཆ་བཞག་ན། གྲུབ་མཐའ་བཞི་ལྟ་གྲུབ་མི་འདྲ་བ་དེ་འདྲ་ཞིབ་ཚགས་པོ་འགྲེལ་བཤད་ཡོད་པ་བོད་གཅིག་པུ་མ་གཏོགས་མི་འདུག རྒྱ་ནག་ནང་ཆ་བཞག་ན། ཤེས་རབ་སྙིང་པོ་འདོན་གྱི་ཡོད། ཀླུ་སྒྲུབ་ཀྱི་རྗེས་འབྲང་ཆགས་ཀྱི་ཡོད། རྩ་བ་ཤེས་རབ་ཡོད། དབུ་མ་འཇུག་པའི་རང་འགྲེལ་ཕལ་ཆེར་ཡིན་པ་ཡོད།
རྒྱ་ཡིག་ནང་ཕལ་ཆེར་ཡོད། འོན་ཀྱང་དེ་འདྲའི་ཞིབ་ཚགས་པོའི་སློབ་སྦྱོང་ཁག་པོ་འདུག དཔེར་ན་མདོ་སྡེ་དགོངས་འགྲེལ་ངེས་དོན་མཐར་ཐུགས་ལ་རྩི་བཞིན་ཡོད། ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོ་སྡེ་དགོངས་འགྲེལ་རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད།ཅེས་ཀྱི་གྲས་ལ་བཞག་གི་ཡོད། དེ་འདྲའི་ཞིབ་ཚགས་པོའི་རྣམ་དབྱེ་ནི་ཕལ་ཆེར་བོད་གཅིག་པོ་ལ་མ་གཏོགས་མེད་པའི་བཟོ་འདྲ་བོ་ཞིག་འདུག སེམས་ཁམས་རིག་པའི་སྐོར་ཆ་བཞག་ན། བོད་ལ་གང་ཙམ་ཞིབ་ཚགས་པོ་རེད། དེར་བརྟེན་ཚད་མ་རིག་པ་དང་གཅིག ནང་དོན་རིག་པ་གཏིང་ཟབ་པོ་དང་ཞིབ་ཚགས་པོ་དེ་ཕལ་ཆེར་བོད་ལ་མ་གཏོགས་ཧ་ལམ་མེད་པའི་བཟོ་འདྲ་ཞིག་འདུག གསོ་བ་རིག་པ་བོད་པའི་སྨན་གཞུང་གི་འགྲོ་སྟངས་དེ་དག་དེང་སྐབས་འཛམ་གླིང་འདིའི་སྟེང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། བཟོ་རིག་པའི་ནང་དེང་དུས་ཀྱི་ཤེས་ཡོན་དེ་དག་ཚུད་པ་བྱས་ཏེ་ Technology,Science དེ་དག་ཡར་ཚུད་པ་བྱེད་ཀྱི་ཡིན་ན། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ནང་ཧ་ལམ་འཛམ་གླིང་འདིའི་སྟེང་གི་ཤེས་ཡོན་གཙོ་ཆེ་བ་དེ་དག་ཚང་བའི་བཟོ་འདྲ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།