༢༠༡༦ ཟླ་ ༡༢ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་གི་ཨང་རྩིས་སྦྱང་འབྲས་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད་པ་དང་། ཡང་སྒོས་ཨང་རྩིས་སློབ་ཚན་དེ་ཉིད་སློབ་ཕྲུག་ཚོར་དཀའ་གནད་ཅན་ཞིག་ཆགས་དགོས་པའི་རྒྱུ་མཚན་རྟོག་ཞིབ་ཆེད། ཤེས་རིག་སྒྲིག་ཞུགས་མིན་པའི་ཉམས་ཞིབ་པ་དང་ཨང་རྩིས་དང་དངོས་ཁམས་ཚན་རིག་གཙུག་ལག་རབ་འབྱམས་པ་ཟླ་བ་ལགས་ནས། ཕྱི་ལོ་༢༠༡༦ ཟླ་ ༡༡ ཚེས་ ༥ ནས་ཕྱི་ཟླ་ ༡༢ ཚེས་ ༢༠ བར་དུས་ཡུན་ཟླ་གཅིག་དང་ཕྱེད་ཀའི་རིང་ཞིབ་འཇུག་འཆར་འགོད་ཞུས་ནས། རྒྱ་གར་བྱང་ཕྱོགས་བོད་སློབ་ཁག་གི་ཨང་རྩིས་དགེ་རྒན་ཚོའི་སློབ་ཚན་འཆད་འཁྲིད་དང་སློབ་ཕྲུག་ཚོའི་སྦྱོང་སྤྱོད་ཀྱི་ཁོར་ཡུག་ཇི་ཡོད་རྟོག་ཞིབ་སླད་ཕྱི་ཟླ་ ༡༡ ཚེས ༧ ནས་ ༡༧ བར་མ་སུ་རི་གཏན་སློབ་དང་མ་སུ་རི་བོད་ཁྱིམ། ར་ཛ་པུར་བོད་ཁྱིམ། སྤོན་ཊ་གཏན་སློབ་དང་། ཕྱི་ཚེས་ ༡༨ ནས་ ༢༥ བར་དྷ་ཤོད་བོད་ཁྱིམ་དང་དཔེ་སྟོན་སློབ་གྲྭ སུ་ཇ་བོད་ཁྱིམ་བཅས་ལ་ཕྱོགས་བསྐྱོད་ཞུས་པ་དང་། ཞིབ་འཇུག་སྐབས་དགེ་སློབ་དང་འཛིན་སྐྱོང་སོ་སོར་བསམ་ཤོག་དྲི་བ་དང་གྲོས་བསྡུར་བརྒྱུད་ཨང་རྩིས་དགེ་རྒན་གྱི་སྤུས་ཚད་དབྱེ་ཞིབ་དང་འཛིན་སྐྱོང་ནས་བསྟུན་འཐུས་བསྐོ་གཞག་བྱས་པའི་རྒྱུ་མཚན་རྩད་ཞིབ་དང་། སློབ་ཕྲུག་ཚོར་ཨང་རྩིས་ཀྱི་ནང་གསེས་བྱེ་བྲག་གང་ལ་དཀའ་གནད་རིམ་པ་གང་འདྲ་འཕྲད་མིན་དགེ་སློབ་དབར་གྱི་བསམ་ཚུལ་ཞིབ་བསྡུར་གནང་བ་མ་ཟད། དགེ་རྒན་གྱི་འཆད་འཁྲིད་ལ་དཀའ་འཚེགས་དང་སློབ་ཕྲུག་གི་སྦྱོང་སྤྱོད་ལ་དགོས་མཁོ། ལྷག་པར་ཨང་རྩིས་ཡར་རྒྱས་སྔོན་ཐོན་ཆེད་སྒྲིག་གཞི་ལག་བསྟར་རྙིང་རིགས་ལ་འགྱུར་གྲོས་གང་སྤེལ་དགོས་པ་སོགས་གཟིགས་ཞིབ་གནང་ཡོད་པ་རེད།
དེའི་རྗེས་སུ་ཞིབ་འཇུག་པས་ཕྱི་ཟླ་༡༢ཚེས་༣ ཉིན་རྒྱ་གར་ལྷོ་ཕྱོགས་བོད་སློབ་ཁག་གི་སློབ་ཕྲུག་ཚོའི་ཨང་རྩིས་སྦྱོང་སྤྱོད་ཀྱི་དཀའ་འཚེགས་ཐོག་དགེ་འོས་སྒྲིག་ཞུགས་ཀྱི་ཞིབ་འཇུག་གནང་མཁན་སྦེང་ལོར་ཁཱརྱསེཊ། Christ མཐོ་སློབ་ཏུ་དགེ་འོས་གནང་བཞིན་པ། ཨང་རྩིས་གཙུག་ལག་རབ་འབྱམས་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ཐུག་འཕྲད་ཀྱིས་སློབ་ཕྲུག་གི་གདོང་ལེན་སྐོར་གོ་བསྡུར་གནང་གྲུབ་སྟེ། ཟླ་འདིའི་ཚེས་༨ ཉིན་ནས་བཟུང་ཤེས་རིག་ལས་ཁུངས་གཙོས་པས་དྷ་ས་བོད་ཁྱིམ་དང་སམ་བྷོ་ཊ་བོད་སློབ་འཛིན་སྐྱོང་སོགས་སུ་འཛིན་སྐྱོང་གི་སྒྲིག་གཞི་ལག་བསྟར་དང་འབྲེལ་བའི་གནས་ཚུལ་བསྡུ་ལེན་གྱིས་མ་འོངས་པར་ཨང་རྩིས་སློབ་ཁྲིད་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོ་འགོད་འབུལ་ཞུ་གཏན་འཁེལ་ཡོད་པ་རེད།