༢༠༡༦ ཟླ་ ༡༢ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༧ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ནང་བོད་དོན་ཉན་ཞིབ་གནང་སྐབས། བོད་ནང་གི་བོད་མིའི་ཆོས་དད་འགྲོ་བསྐྱོད་ཀྱི་རང་དབང་། དེ་བཞིན་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་སྲིད་བྱུས་བོད་མིའི་ཐོག་ལག་བསྟར་བྱེད་ནས་དམ་བསྒྲགས་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་སྲིད་འཛིན་རིམ་བྱོན་དང་མཇལ་འཕྲད་མཛད་སྐབས་ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་བྱུང་རིམ།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་འགན། ད་བར་ཨ་རིའི་གྲོས་ཚོགས་ནང་༸གོང་ས་མཆོག་དང་སྲིད་སྐྱོང་མཆོག དེ་བཞིན་སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་དང་སྔ་ཕྱི་མཇལ་འཕྲད་མཛད་པ་མ་ཟད། གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ ནང་བོད་དོན་ཉན་ཞིབ་གནང་བ་སོགས་ལ་བརྟེན་ནས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གཞིས་བྱེས་གཉིས་ཀྱི་བོད་མིའི་གནས་སྟངས་གོ་རྟོགས་སྤེལ་ཆེད་ཕན་ཐོགས་བྱུང་ཡོད་སྐོར། དེ་བཞིན་ཨ་རིའི་གཞུང་ནས་བོད་མིར་ USAID དང་ PRM ལྟ་བུ་རོགས་ཚོགས་དང་། གཞན་ཡང་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་སོགས་བརྒྱུད་ནས་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན།
དེ་བཞིན་དཔལ་འབྱོར་འཛུགས་སྐྲུན་ལས་གཞིར་མཐུན་འགྱུར་རོགས་རམ་གནང་བར་བརྟེན་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ནས་འཚེ་མེད་ཞི་བའི་འཐབ་རྩོད་མུ་མཐུད་སྲ་བརྟན་གནས་ཐུབ་པར་ཕན་ཐོགས་ཧ་ཅང་བྱུང་སྐོར། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བ་ཡོད་པའི་གྲོས་གཞི་གྲོས་ཆོད་བཞག་པ་རྣམས་ཀྱི་གྲུབ་འབྲས། གཞན་ཡང་ཨ་རིའི་གྲོས་ཚོགས་དང་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་བོད་དང་རྡ་ས་བཅས་ལ་འཚམས་གཟིགས་སུ་ཕེབས་པ་དེས་ས་གནས་ས་ཐོག་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་གསལ་རྟོགས་ཐུབ་པ་མ་ཟད། བོད་ནང་གི་ས་གནས་འགོ་ཁྲིད་ཚོ་དང་ལྷན་ནང་ཚགས་ཐོག་དངོས་ཡོད་གནས་ཚུལ་ཞིབ་རྩད་གནང་ཐུབ་པ་བྱུང་བ་དང་། ཕྱོགས་མཚུངས་སྐུ་ཚབ་ཚོགས་ཆུང་རྡ་སར་ཕེབས་པ་དེས་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་སྤྲད་གནང་ཐུབ་ཡོད་སྐོར་གསུངས།
སྲིད་གཞུང་གསར་པར་བསམ་འཆར།
༡༽དེ་བཞིན་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོགས་དང་འབྱུང་འགྱུར་སྲིད་གཞུང་གསར་པས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་ཡོད་པ་ཡོངས་གྲགས་ཐོག་དྲིལ་བསྒྲགས་སྤེལ་བ་བརྒྱུད། བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་འདི་ཨ་རིའི་གཞུང་གི་རྒྱ་ནག་ཐོག་འཛིན་བཞིན་པའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཆ་ཤས་གལ་ཆེ་ཞིག་ཡིན་པའི་བརྡ་ལན་གཏོང་ཐབས་གནང་དགོས་པ་དང་།
༢༽དེ་བཞིན་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་ཐབས་གནང་དགོས་པ་དང་། འདས་པའི་དུས་སྐབས་སུ་ཨ་རིས་གཙོས་སྲིད་གཞུང་ཁག་གཅིག་གིས་རྒྱབ་སྐྱོར་ལ་བརྟེན་ནས་བོད་མི་ཆབ་སྲིད་བཙོན་པ་ཁག་གཅིག་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་བཏང་ཐུབ་ཡོད་པ་མ་ཟད། ཁོང་ཚོར་ཕྱི་རྒྱལ་དུ་སྨན་བཅོས་མཐུན་འགྱུར་ཐོབ་པ་མ་ཟད། ཁག་གཅིག་ཨ་རིས་གཙོས་ཕྱིའི་རྒྱལ་ཁབ་ནང་རང་དབང་ཐོག་གནས་སྡོད་ཐུབ་པ་བྱུང་སྐོར།
༣༽ལྷག་པར་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་མིའི་ཐོག་གཏན་ལ་ཕབ་པའི་ Tibetan Policy Act ཞེས་པ་སྲིད་བྱུས་གཞིར་བཟུང་ཐོག་སྲིད་གཞུང་གསར་པས་ཕྱི་སྲིད་ལྷན་ཁང་ནང་གི་ལས་བྱེད་རྒན་པ་ཞིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཐུབ་ཚེ། བོད་དོན་འབྲེལ་བ་གནང་བདེ་ཡོང་རྒྱུ་དང་།
༤༽ཨ་རིའི་རྒྱ་ནག་དང་ལྷན་གོ་སྐབས་བརྗེ་ལེན་གྱི་སྲིད་བྱུས་ Reciprocal Access to Tibet Act ཞེས་པ་གཏན་འབེབས་གནང་ཐུབ་ཚེ། རྒྱ་ནག་འགོ་ཁྲིད་དང་གསར་འགོད་པ་སོགས་ཨ་རིར་རང་དབང་ཐོག་ནས་བསྐྱོད་ཐུབ་པ་ལྟར་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་མང་ཚོགས་དཀྱུས་མ་དེ་དག་བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་ནས་བསྐྱོད་ཐུབ་རྒྱུ་དང་། ད་ལྟའི་བོད་ནང་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་བཞིན་པའི་སྲིད་བྱུས་དེ་འདྲ་རྒྱ་ནག་གི་ས་ཁུལ་གཞན་གང་དུའང་མཐོང་རྒྱུ་མེད་སྐོར།
༥༽ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་ཆེད་གནོན་ཤུགས་སྤྲོད་དགོས་པ།
༦༽སྲིད་འཛིན་གསར་པ་མཆོག་གིས་༸གོང་ས་མཆོག་དང་གང་མགྱོགས་མཇལ་འཕྲད་ཞུས་ནས་དེ་སྔའི་ལམ་སྲོལ་རྒྱུན་སྐྱོང་གནང་རོགས།
༧༽ཨ་རིའི་གྲོས་ཚོགས་དང་གཞུང་གཉིས་ཀས་རྒྱ་ནག་འགོ་ཁྲིད་ཚོ་དང་མཇལ་འཕྲད་སྐབས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་རྒྱ་ནག་གི་དྲང་བདེན་མིན་པའི་སྲིད་བྱུས་གསལ་སྟོན་གནང་རྒྱུ་དང་། ལྷག་པར་བོད་མིའི་ཆོས་དད་དང་འགྲོ་བསྐྱོད་ཀྱི་རང་དབང་ཐོག་དམ་བསྒྲགས་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པ་དེ་དག་གླེང་སློང་གནང་རོགས།
༨༽རྒྱ་ནག་གཞུང་གི་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུའི་སྲིད་བྱུས་བོད་མིའི་ཐོག་ལག་བསྟར་བྱས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་དེ་དག་ལ་ཨ་རིའི་གཞུང་གིས་ཞིབ་འཇུག་གནང་ནས་དགོས་མཁོ་བྱུང་ཚེ་གོ་སྐབས་དམ་འཛིན་ཐོག་རྒྱ་ནག་གཞུང་གིས་སྲིད་བྱུས་བེད་སྤྱོད་ལོག་པ་གཏོང་བཞིན་པ་དེ་དག་ཡོངས་གྲགས་གནང་ཐབས་གནང་རོགས།
༩༽ཨ་རིའི་གཞུང་གིས་བོད་དང་འབྲེལ་བའི་ལས་གཞི་དཔེར་ན། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གཙོས་བོད་མིའི་དཔལ་འབྱོར་དང་། སློབ་ཡོན་ལས་གཞི་སོགས་མཐུན་འགྱུར་རོགས་རམ་གནང་བཞིན་པའི་སྲིད་བྱུས་དེ་དག་བོད་དོན་བདེན་མཐའ་མ་གསལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་སྟབས་སྲིད་བྱུས་དེ་དག་སྲིད་གཞུང་གསར་པས་མུ་མཐུད་རྒྱུན་སྐྱོང་གནང་རོགས།
༡༠༽ཨ་རིའི་གྲོས་ཚོགས་ནས་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། གཞུང་འཛིན་དང་ཆབ་སྲིད་ཚོགས་པ་ཐུན་མོང་གི་སྐུ་ཚབ་རྟོག་ཞིབ་ཚོགས་ཆུང་བོད་དང་རྡ་སར་གང་མང་གཏོང་ཐབས་གནང་རོགས།
༡༡༽ཨ་རིའི་གྲོས་ཚོགས་ཀྱིས་བོད་མིའི་ཐོག་གཏན་ལ་ཕབ་པའི་ Tibetan Policy Act ཞེས་པ་དེའི་ཆ་རྐྱེན་འོག་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གསལ་ཆེད། གྲོས་མོལ་བསྐྱར་མཐུད་དགོས་པའི་རེ་འདུན་འདོན་རྒྱུ་དང་། གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐུབ་ཚེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་ཐུབ་ངེས་ཡིན།
ཉན་ཞིབ་འདིའི་ཐོག་གོ་སྐབས་གནང་བར་བཀའ་དྲིན་ཆེ། གལ་ཏེ་ཁྱེད་རྣམ་པར་དྲི་བ་ཡོད་ཚེ་གང་ཐུབ་ལན་འདེབས་ཞུ་ཐབས་བྱ་རྒྱུ་ཡིན།
ཞེས་གསུངས།
དེ་རྗེས་སྐུ་ཚབ་དོན་གཅོད་མཆོག་གིས་དེང་སྐབས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་གསལ་བཤད་གནང་སྐབས། གྲགས་ཚོད་ལྟར་ན་གསེར་རྟ་བླ་རུང་སྒར་དུ་དགེ་བཙུན་ཞལ་གྲངས་ ༢༠༠༠༠ ཡོད་ཚུལ་འདུག་ཀྱང་གྲངས་ཀ་ངེས་བརྟན་ཞིག་སུ་ལའང་བཤད་རྒྱུ་མེད། འོན་ཀྱང་ཉུང་མཐར་གྲྭ་བཙུན་གྲངས་ ༡༠༠༠༠ ལྷག་ཡོད་པ་ངེས་འདུག དེར་བརྟེན་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་བསྟི་གནས་ཁང་ཆེ་ཤོས་ཆགས་ཡོད། དེ་སྔ་ཕྱི་ལོ་ ༢༠༠༠ ལོའི་འགོ་ལྟོད་དུ་རྒྱ་ནག་གཞུང་གིས་དགོན་པ་དེའི་ཆ་ཤས་གཅིག་བཏོར་བཤིག་བཏང་ནས་གྲྭ་བཙུན་འགའ་ཤས་ཕྱིར་འབུད་བཏང་ཡོད། འོན་ཀྱང་ཕྱིས་སུ་ཁོང་རྣམས་སླར་ཡང་དགོན་པར་འཛུལ་ཞུགས་གནང་བ་སོགས་བྱུང་ཡོད། རྒྱ་ནག་གཞུང་གིས་གལ་ཏེ་བླ་རུང་སྒར་གཏོར་བཤིག་གཏང་རྒྱུ་ཡིན་ཚེ་ཐོག་མ་རང་ནས་དགོན་པ་ཕྱག་བཏབ་རྒྱུར་འགོག་རྐྱེན་གང་ཡང་མ་བཟོས་པའི་རྒྱུ་མཚན་གང་རེད། ཅེས་སོགས་གསུངས།།