༢༠༡༦ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༥ ཉིན་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཟུང་འབྲེལ་ཧོན་སུར་བོད་མིའི་གཞིས་ཆགས་གངས་ཅན་རིག་གནས་སློབ་གྲྭར་ ༢༠༡༦ ཟླ་ ༧ ཚེས་ ༡ ནས་འགོ་ཚུགས་པའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་འཁྲིད་ཐེངས་གསུམ་པ་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་སློབ་ཐོན་མཛད་སྒོ་ཞིག་དང་སྦྲགས་མཇུག་བསྡུས་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱུད་སྨད་བླ་མ་དབུ་མཛད་དགེ་བཤེས་དབང་འདུས་མཆོག་ནས་རྒྱུགས་སྤྲོད་རྩེ་ཕུད་སློབ་ཕྲུག་གསུམ་ལ་བྱ་དགའ་གསོལ་རས་མཚོན་བླང་དོར་གྱི་བཀའ་སློབ་བསྩལ། རབ་རྒྱས་གླིང་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་མི་འགྱུར་རྡོ་རྗེ་བཅས་ཀྱང་དམིགས་བསལ་སྐུ་མགྲོན་དུ་གདན་འདྲེན་ཞུས་དོན་ཚོགས་ཕེབས་གནང་སྟེ་ཉེ་བའི་རྩེ་ཕུད་སློབ་ཕྲུག་གསུམ་ལ་བྱ་དགའ་གསོལ་རས་དང་བཀའ་སློབ་གནང་བར་མཛད་ཅིང་།
ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ཚེ་རིང་ནས་སློབ་ཕྲུག་རྣམས་ལ་སློབ་ཐོན་ཕྱག་འཁྱེར་དང་། གངས་ཅན་རིག་གནས་སློབ་གྲྭའི་དགེ་ལས་ཡོངས་ལ་ཐུགས་རྗེ་ལེགས་སྐྱེས་ཕུལ། ལས་རིམ་དང་འབྲེལ་བའི་གཏམ་བཤད་ཀྱང་བྱས། སློབ་གྲྭའི་དགེ་རྒན་ཆེན་མོ་སྔགས་རམས་པ་ཡོན་ཏན་ནོར་བུས་ཕེབས་བསུའི་གསུང་བཤད་དང་སྦྲགས་ཟབ་འཁྲིད་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས། མཐར་སློབ་ཕྲུག་པདྨ་ཚེ་དབང་དང་བསྟན་འཛིན་ཚེ་བརྟན་གཉིས་ནས་སློབ་ཕྲུག་རྣམས་ཀྱི་སྐུ་ཚབ་གནང་སྟེ་སོ་སོའི་མྱོང་ཚོར་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ། དེ་ལྟར་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་འཁྲིད་ཀྱི་ལས་རིམ་རེ་ཞིག་མཇུག་བསྒྲིལ་བྱུང་ཡོད།
ཟབ་འཁྲིད་ཐེངས་འདིར་མཐོ་རིམ་སློབ་གྲྭ་དང་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་རིགས་སློབ་ཕྲུག་ ༡༦ གིས་མཉམ་ཞུགས་གནང་ཡོད་ཅིང་། ཁོང་རྣམས་ཟབ་འཁྲིད་འདིར་ཞུགས་ནས་སོ་སོའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་དང་། རིགས་ལམ་རྩོད་པ་གནང་སྟངས། ཕར་ཕྱིན་དང་དབུ་མ་སོགས་གཞུང་ཆེན་ཁག་གི་གནད་དོན་ཤེས་རྟོགས་ཀྱི་གོ་སྐབས་གསར་པ་ཞིག་ཐོབ་པར་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་ཆོས་གོ་རྟོགས་སླ་བ་དང་། ཁོང་གི་ཡང་དག་པའི་ལམ་སྟོན་གཞིར་བཟུང་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་ནང་པ་མཚན་ཉིད་ཚང་བ་ཞིག་ཡོང་རྒྱུ། དེ་བཞིན་ཁ་མིག་ཡར་བལྟ་བྱ་ཡུལ་དཔེ་འཁྲིད་དགེ་རྒན་རྣམས་ཀྱི་བྱམས་བརྩེ་དང་ཐུགས་གཤིས་བཟང་པོའི་ཡོན་ཏན་འཇགས་རྒྱུ་སོགས་ཕན་འབྲས་རླབས་ཆེན་ཐོབ་ལུགས་གསུངས།
ད་བར་ཟབ་འཁྲིད་ཐེངས་གསུམ་བསྐྱངས་པའི་ནང་དུ་ཁྱོན་སློབ་ཕྲུག་ ༥༢ ཀྱིས་མཉམ་ཞུགས་གནང་བའི་འཁྲོད་ནས། དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་ལོ་དགུའི་གཞུང་ཆེན་གྱི་སློབ་གཉེར་ལ་འཇུག་མཁན་དང་། བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ་ཁག་ཏུ་སྲི་ཞུ་སྒྲུབ་མཁན་མི་ཉུང་བ་ཞིག་ཡོད། དེ་ལྟར་སྤྱི་སྒེར་གྱི་ཕན་ཡོན་ལ་བསམས་ཏེ་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གྲྭ་ཚང་གཉིས་ནས་མུ་མཐུད་སློབ་ཕྲུག་ ༢༥ ལ་ལམ་གྲོན་དང་བཞུགས་གནས་སོགས་ཀྱི་མཐུན་རྐྱེན་རིན་མེད་སྦྱར་ཏེ། རྗེས་མའིི་ལོར་ཡང་ཕྱི་ཟླ་ ༧ ནས་ ༡༢ བར་ཟླ་བ་དྲུག་རིང་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་འཁྲིད་ཐེངས་བཞི་པ་གོ་སྒྲིག་གནང་གཏན་འཁེལ་ཡོད་པ་བཅས།།