༢༠༡༦ ཟླ་ ༡༢ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །འདི་གར་རྒྱ་གར་བྱང་ཕྱོགས་མ་ཧཱ་རཱཤཏྲ་མངའ་སྡེའི་གྲོང་ཁྱེར་ན་སིག་ (Nashik) བོད་མི་བདེ་དོན་མཐུན་ཚོགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ ༡༢ ཚེས་ ༡༠ ཉིན་ན་སིག་ཁུལ་གྱི་བོད་མི་སུད་ཚོང་བ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༧ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་མི་མང་རྣམས་ཚོགས་པའི་ལས་ཁུངས་ཀྱི་མདུན་ཐང་དུ་ཚང་འཛོམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཕྱག་ཞུས་གྲུབ་མཚམས། ༸རྒྱལ་བའི་ཞབས་བརྟན་དང་། བདེ་སྐྱིད་གསེར་སྐྱེམས། ལྷ་སྲུང་གི་འཕྲིན་སྐུལ། བསང་གསོལ་བཏང་། དེ་རྗེས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མར་མེའི་མཆོད་འབུལ་དང་སྨོན་ལམ་གསུང་འདོན་གནང་འདུག དེ་ནས་ས་གནས་རྒྱ་གར་དཔོན་རིགས་རྣམས་ཕེབས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྐོར་གསུང་བཤད་གནང་རྗེས། བོད་མི་རྣམས་དང་ན་སིག་ས་གནས་ཡུལ་མི་གཉིས་ཟུང་འབྲེལ་ཐོག་མར་མེའི་ཁྲོམ་སྐོར་གནང་སྟེ་ལས་རིམ་མཇུག་བསྒྲིལ་ཡོད་པ་བཅས།།