༢༠༡༦ ཟླ་ ༡༢ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ནང་ཆགས་པའི་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་མེ་ཕོ་སྤྲེལ་ལོའི་དཔལ་སྤུངས་ཚེས་བཅུ་ཆེན་མོའི་མཆོད་སྟོན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སོགས་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༡༥ ཡོལ་ཙམ་ཐོག་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེེངྒེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཉིས་མཆོག དབུས་འོས་བསྡུ་དང་ལས་བྱེད་འདེམས་ལྷན་གྱི་འགན་འཛིན་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག རྩིས་ཞིབ་སྤྱི་ཁྱབ་པ་མགོན་པོ་ཕུན་ཚོགས་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་དང་གཞན་སྤྱི་འཐུས་ཁག་གཅིག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་དྲུང་ཆེ་འགན་འཛིན། འབྲུག་དང་བལ་ཡུལ། འབྲས་ལྗོངས་བཅས་ནས་ཀམ་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། ཉེ་འཁོར་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པ། སློབ་གྲྭ་ཁག་གི་དབུ་འཛིན་དང་། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ཕྱི་ནང་གི་དད་ལྡན་མི་མང་སོགས་ལྷན་འཛོམས་ཀྱིས་ཐོག་མར། མཁན་པོ་ཀརྨ་གྲགས་པ་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་རྗེས། མཁན་པོ་པདྨ་ལགས་ཀྱིས་དཔལ་སྤུངས་སྤྲེལ་ལོའི་ཚེས་བཅུ་དང་འབྲེལ་བའི་གར་འཆམ་གྱི་ངོ་སྤྲོད་གནང་།
དེ་ནས་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་གྲུབ་བསྟུན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཕེབས་ཐུབ་པ་ནི་གཙོ་བོ་བྱམས་མགོན་ཀཱན་ཏཱིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་མཛད་པ་འཕྲིན་ལས། རྒྱ་གར་དབུས་དང་མངའ་སྡེ་གཞུང་གི་མཐུན་འགྱུར་དང་རྒྱབ་སྐྱོར། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་དེ་རིང་འདིར་ལྷན་འཛོམས་ཐུབ་པ་བྱུང་ཡོད། དེ་རིང་ང་ཚོ་དཔལ་སྤུངས་ཚེས་བཅུའི་གར་འཆམ་གྱི་ཚོགས་མགོན་དུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་གནང་ཐུབ་པ་དེར་འབྲེལ་ཡོད་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟ་བུའི་ལས་དོན་གལ་ཆེན་པོ་ཞིག་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ཐུབ་པར་བསྔགས་བརྗོད་ཡང་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་ཚེས་བཅུའི་གར་འཆམ་ཆེན་མོ་མཇལ་རྒྱུའི་གོ་སྐབས་ཐོབ་པ་འདི་ཧ་ཙང་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པར་བརྟེན། ཤེས་རབ་གླིང་གི་མཁན་བླ་སྤྲུལ་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དེང་སྐབས་འཛམ་གླིང་ནང་དུ་ནང་ཆོས་དར་སྤེལ་ཆེན་པོ་ཆགས་ཤིང་། ཚན་རིག་པ་ཚོས་ཀྱང་ནང་ཆོས་ནས་བཤད་པའི་སེམས་ཁམས་རིག་པའི་ཐོག་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད། ཚན་རིག་པ་ནི་དུས་རྒྱུན་ལངས་ཕྱོགས་དང་ལྟ་གྲུབ་ཐོག་ནས་ཆོས་ལ་དད་པ་མེད་མཁན་ཚོས་ནང་ཆོས་དང་དེའི་ནང་ནས་སེམས་ཁམས་རིག་པའི་ཐོག་དོ་སྣང་དང་སློབ་སྦྱོང་བྱེད་སྐབས་ནང་ཆོས་དེ་གཏིང་ཟབ་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། དེང་སྐབས་འཛམ་གླིང་ཤར་ནུབ་གང་སར་བོད་བརྒྱུད་ནང་བསྟན་དར་འཕེལ་བྱུང་བ་དང་ཆབས་གཅིག་བོད་ཀྱི་རྩ་་དོན་ལའང་ཕན་ཐོགས་རྒྱ་ཆེ་བྱུང་ཡོད་སྐོར་དང་། དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ཕྱི་ཚེས་ ༨ ཉིན་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་ཡོད་སྟབས་བོད་ནང་དུ་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། ངོས་རང་རྒྱ་གར་ལ་སླེབས་ནས་ལོ་ ༡༧ མ་ཟིན་ཙམ་ཆགས་ཀྱི་ཡོད། ངོས་རང་རྒྱ་གར་སླེབས་རྗེས་བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་སྡོད་རྒྱུའི་སྐད་ཆ་བྱུང་ཡོད་ཀྱང་གྲུབ་འབྲས་སོན་མེད། ད་ལྟ་ལོ་ངོ་ ༡༦ རྗེས་གཞི་ནས་གདན་སར་བཅར་ཐུབ་པ་དང་། བྱམས་མགོན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་དང་ལྷན་ཚེས་བཅུའི་གར་འཆམ་མཛད་སྒོར་མཉམ་ཞུགས་བྱེད་ཐུབ་པ་ཞིག་བྱུང་བ་རེད། མི་མང་པོ་ཞིག་བསྐལ་པ་བཟང་པོའི་དུས་སྟོན་འདི་ལྟ་བུ་ཞིག་ལོངས་སུ་སྤྱོད་རྒྱུ་མ་བྱུང་བར་འདས་གྲོངས་ཕྱིན་ཟིན་ཡོད། བསྐལ་པ་བཟང་པོ་འདི་ལྟ་བུ་བྱུང་བ་མི་མང་པོ་ཞིག་གི་དཀའ་ལས་བརྒྱབ་ནས་བྱུང་བ་ཞིག་ཆགས་ཡོད།
ལྷག་པར་རྒྱ་གར་དབུས་གཞུང་གི་དགོངས་ཚུལ་ལམ་གཟིགས་ཚུལ་ཡག་ཏུ་ཕྱིན་ཏེ་བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ཆོག་པའི་གནས་སྟངས་བྱུང་ཡོད། ངོས་རང་ཡང་ཤེས་རབ་གླིང་ལ་བཅར་རྒྱུའི་གོ་སྐབས་བཟང་པོ་བྱུང་བ་རེད། ཉེ་ཆར་ཨ་རུ་ནཱ་ཅལ་མངལ་ཁུལ་དུ་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད། ནམ་རྒྱུན་བདེན་པའི་མཐའ་གསལ། ཞེས་པའི་སྐད་ཆ་དེ་རིམ་པས་བདེན་པའི་མཐའ་གསལ་ཏེ་ཡག་པོ་འབྱུང་བཞིན་འདུག་བསམ་པ་དྲན་གྱི་འདུག དེ་རིང་གི་གོ་སྐབས་འདི་དང་བསྟུན་བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་བཤད་སྒྲུབ་ཀྱི་སྡེ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་འདི་གཙོ་ཆེ་ཤོས་བྱམས་མགོན་རྡོ་རྗེ་འཆང་མཆོག་གི་ཐུགས་བསྐྱེད་དང་སྐུ་གསུང་ཐུགས་ཀྱི་འབད་པ་དུ་མ་ཞིག་མཛད་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས། བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་བཀའ་ཚུལ་བཞིན་བསྒྲུབ་དགོས་རྒྱུ་གལ་ཆེན་པོ་ཞིག་ཆགས་ཡོད།
ང་ཚོའི་དགོན་པ་འདིར་ཡོད་པའི་མཁན་པོ་དང་བླ་མ་དབུ་མཛད་སོགས་ལས་ཀྱི་སྣེ་མོར་གཏོགས་པ་ཡོད་དོ་ཅོག་གིས་སོ་སོར་འཁྲི་བའི་ལས་དོན་ཐམས་ཅད་ནོར་འཛོལ་མེད་པར་རང་ནུས་གང་ལྕོགས་ཐོག་ནས་བསྒྲུབས་ཡོད་པར་བརྟེན། ད་ལྟའི་ཆར་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་འབྲས་བུ་བཟང་པོ་འདི་འདྲ་ཞིག་བྱུང་ཡོད། མ་འོངས་པའི་ཆར་ཡང་སངས་རྒྱས་ཀྱི་བསྟན་པ་འདི་འགྲོ་བའི་བདེ་སྐྱིད་ཀྱི་འབྱུང་གནས་ཤིག་ཆགས་ཡོད་སྟབས། ང་ཚོ་ཚང་མས་མུ་མཐུད་བསྟན་པ་དར་ཞིང་རྒྱས་པ་དང་། བླ་མའི་ཐུགས་དགོངས་བསྒྲུབ་ཆེད་སྔར་ལྷག་མ་བྱུང་ནའང་སྔར་ལས་མི་དམན་པའི་ཞབས་ཞུ་དང་ལྷག་བསམ་མུ་མཐུད་འབད་འབུང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་ཡོད། དེ་རྗེས་མཁན་པོ་འཇམ་དབྱངས་བློ་གྲོས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་སྒོ་རེ་ཞིག་ལེགས་པར་མཇུག་བསྒྲིལ་ཡོད།
སྤྱིར་ཁ་སང་ཕྱི་ཚེས་ ༨ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༠ བར་ཉིན་གྲངས་གསུམ་རིང་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་རབ་གནས་མེ་ཕོ་སའི་མཇུག་མར་མཁྱུད་པའི་ཚེས་བཅུ་མཆོད་སྟོན་ཆེན་མོ་འཚོགས་བཞིན་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༡༠ ཉིན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་དད་ལྡན་མང་ཚོགས་རྣམས་ལ་གུ་རུའི་བཀའ་དབང་གནང་རྒྱུ་ཡིན་འདུག་པ་བཅས།།